ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

སངས་རྒྱས་ཀྱི་གསུང་རབ་ལས་བྱུང་བའི་འཇིག་རྟེན་ཆགས་ཚུལ་གྱི་དྲིས་ལན།

2015-03-17 མཁན་པོ་ཚུལ་ཁྲིམས་བློ་གྲོས།
   དེ་ཡང་སྤྱི་ལོ ༡༩༨༧ ལོའི་ཟླ་བ་ལྔ་པའི་ཚེས་བདུན་ཉིན་གྱི་ཁྲིན་ཏུའུ་ནས་པེ་ཅིན་དུ་བགྲོད་པའི་འགྲོན་སྐྱེལ་མེ་འཁོར་ཐེངས་བརྒྱད་པ་དེ་ཞོགས་པ་དུས་ཚོད་དགུ་པའི་དུས་སུ་པེ་ཅིན་ཕྱོགས་སུ་བསྐྱོད། ཉིན་ཞག་ཕྲུགས་གཅིག་ཕྱིན་རྗེས་ལོ་དབྱང་མེ་འཁོར་ས་ཚུགས་སུ་འབྱོར་རོ། །ས་ཚུགས་དེ་ནས་རྒྱ་རིགས་སྐྱེས་པ་ལོ་ན་བཞི་བཅུ་ཡས་མས་སུ་བསླེབས་པ་གཉིས་འོངས་ནས་བདག་དང་མདུན་སྤྲོད་ཀྱི་སྡོད་གནས་དེར་བསྡད་སོང་། ཅུང་ཞིག་ནས་ཅིག་ཤོས་དེ་ན་རེ། ཁྱོད་མི་རིགས་གང་ཡིན་ཟེར། བོད་རིགས་ཡིན་ཞེས་སྨྲས་པས། འོ་ན་ཁྱོད་ཀྱི་གོས་འདི་བོད་རིགས་ཀྱི་གོས་ཡིན་ནམ་ཟེར། འདི་རབ་བྱུང་བའི་གོས་རེད་ཅེས་སྨྲས་པས། འོ་དེ་ལྟར་ན་རྨོངས་དད་བྱེད་མཁན་གྱི་གོས་ཡིན་འདུག་ཟེར། དེར་བདག་གིས་ཁྱོད་ཀྱིས་ནང་པའི་ཆོས་ལ་ཞིབ་འཇུག་ཇི་འདྲ་ཞིག་བྱས་ཞེས་དྲིས་པས། ཞིབ་འཇུག་བྱེད་མ་མྱོང་ཟེར། འོ་ན་ཁྱོད་ཀྱིས་རྨོངས་དད་ཨེ་ཡིན་ཇི་ལྟར་ཤེས། ངས་ཁོ་རང་གི་ཀོ་ཁུག་དེར་མཛུབ་མོ་བཙུགས་ཏེ། དཔེར་ན་མི་ཞིག་གིས་ཀོ་ཁུག་འདིའི་ནང་ཅི་ཡོད་གཏན་ནས་མ་ཤེས་བཞིན་དུ་ཁུག་མ་འདིའི་ནང་ཡོད་ཚད་མི་གཙང་བ་ཡིན་པས་འདོར་བྱ་ཁོ་ན་ཡིན་ནོ་ཞེས་བརྗོད་ན་འཐད་དམ་ཞེས་སྨྲས་པས་ཅང་མི་ཟེར་བར་འདུག སྐབས་དེར་ཅིག་ཤོས་དེ་ན་རེ། ཁྱོད་ནང་པའི་ཆོས་ལ་སློབ་སྦྱོང་བྱས་སམ་ཟེར། ཅུང་ཟད་བྱས་ཞེས་སྨྲས་པས། དེ་ལྟར་ན་བདག་ལ་དྲི་བ་འགའ་ཞིག་ཡོད་པས་འདྲི་རུང་ངམ་ཟེར། རུང་ཞེས་བྱས་པས། འོ་ན་ནང་པའི་གཞུང་ན་ས་གཞིའི་དབྱིབས་ལེབ་ལེབ་མོ་དང་། དབུས་སུ་རི་རབ་ཅེས་པའི་རི་མཐོན་པོ་དང་། དེའི་མཐའ་སྐོར་ན་མཚོ་དང་རི་བོ་མཚར་ཅན་དུ་མ་དང་། ས་གོ་ལས་ཉི་མ་སྐོར་བ་མ་ཡིན་པར་ཉི་མས་ས་གོ་ལ་སྐོར་བ་ཡིན་ཞེས་བཤད་ཡོད་དམ་ཟེར། དེ་ཡོད་ཅེས་སྨྲས་པས། འོ་ན་དེང་སང་མིའི་རིགས་ཀྱི་ཚན་རིག་གི་ཤེས་ཡོན་དར་རྒྱས་སུ་ཕྱིན་ཏེ་ས་གཞིའི་དབྱིབས་རིལ་རིལ་པོ་དང་། ས་གོ་ལས་ཉི་མ་སྐོར་བ་མངོན་སུམ་དུ་མཐོང་ཞིང་། རི་རབ་ཟེར་བ་དེ་གང་དུའང་མ་མཐོང་བས་དེ་ཇི་ལྟར་ཡིན་ཟེར། དེར་བདག་གི་བསམ་པར་གལ་ཏེ་རྫུན་གྱིས་མགོ་བསྐོར་ན་ལུགས་དང་མི་མཐུན་མོད། སྟོན་པ་ཐུགས་རྗེ་ཅན་གྱི་གསུང་བཞིན་དྲང་པོའི་ལམ་ནས་ལན་ཞིག་འདེབས་པ་ལ་འགལ་བ་ཅི་ཡོད་སྙམ་སྟེ། མདུན་གྱི་ཇ་ཕོར་ནང་གི་ཆུ་ཚ་པོ་དེར་མཛུབ་མོ་གཏད་དེ་རྒྱུ་མཚན་འགའ་ཞིག་དལ་བར་བཤད་པས་ཁོ་རང་ཤིན་ཏུ་ངོ་མཚར་ཏེ་དངོས་གནས་རྒྱུ་མཚན་འདུག་ཅེས་བསྔགས་བརྗོད་བྱས་སོང་། དེ་ལ་རྒྱུ་མཚན་ཅི་བཤད་ཟེར་ན། བདག་གིས་ཇ་ཕོར་ནང་གི་ཆུ་འདི་རང་ཅག་ལ་ཤིན་ཏུ་ཚ་བར་མངོན་སུམ་དུ་སྣང་མོད། འོན་ཀྱང་སེམས་ཅན་ལ་ལ་ཞིག་ལ་ཆུ་འདི་ཉིད་གཏན་ནས་མི་ཚ་བ་ཞིག་ཏུ་སྣང་རུང་བ་རེད། དེས་ན་ཆུ་འདི་མཐའ་གཅིག་ཏུ་ཚ་བ་ཞིག་ཡིན་ཞེས་བརྗོད་མི་ནུས། དཔེ་དེ་བཞིན་དུ་ས་གཞིའི་ཆགས་ཚུལ་ཡང་སེམས་ཅན་ལ་ལར་ལེབ་ལེབ་མོར་སྣང་ལ། ལ་ལར་རིལ་རིལ་པོ་དང་། ལ་ལར་ཚད་ཆེན་པོ་དང་། ལ་ལར་ཚད་ཆུང་ངུར་སྣང་རུང་བ་ཡིན། དེ་ཕྱིར་རང་རང་ལ་ཇི་ལྟར་སྣང་བ་དེ་རེ་ཞིག རང་རང་ལ་བདེན་ཞེས་སྨྲས་ན་འཐད་ཀྱང་རང་ཅག་ལ་སྣང་བ་འདི་ལས་གཞན་དུ་སྣང་མི་སྲིད་ལ་གལ་ཏེ་སྣང་ནའང་རྫུན་པ་ཡིན་ཞེས་སྨྲས་ན་མངོན་སུམ་དང་འགལ་འོང་། དེས་ན་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་འཇིག་རྟེན་གྱི་སྣང་བ་འདི་དག་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྣང་རུང་བ་ལ་དགོངས་ཏེ་མདོ་དྲན་པ་ཉེར་བཞག་དང་། ཕལ་བོ་ཆེ། རྨད་དུ་བྱུང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་དང་། དུས་འཁོར་སོགས་ལས་འཇིག་རྟེན་གྱི་བཀོད་པ་མི་འདྲ་བ་དུ་མ་ཞིག་བཀའ་བསྩལ་པ་ཡིན་གྱི་གཞན་དུ་ན་དེ་ལྟར་གསུང་མི་སྲིད་དེ་སླ་བའི་རྣམ་གཞག་འདི་འདྲ་ཞིག་རང་ཚིག་སྔ་ཕྱི་མཐུན་དགོས་པ་ཙམ་ནི་སངས་རྒྱས་ལྟ་ཅི་མི་ཕལ་བ་རྣམ་དཔྱོད་ཅུང་ཟད་ཡོད་པ་ཞིག་གིས་ཀྱང་ལོས་ཤེས། དེ་ལྟར་གསུངས་པའི་དགོས་པ་ཡང་སྤྱིར་གདུལ་བྱ་རྣམས་ཀྱིས་འཇིག་རྟེན་གྱི་དབྱིབས་དང་ཚད་ལ་གཅིག་ཏུ་བདེན་པར་འཛིན་པ་བཟློག་པའི་ཕྱིར་དང་། སྐབས་དེའི་ཉེ་བའི་གདུལ་བྱ་རྣམས་ཀྱི་དོན་དུ་གྱུར་པའི་ཕྱིར་ཡིན་ལ། དེ་དུས་ཀྱི་གདུལ་བྱ་འགའ་ཞིག་ལ་ནི་དེ་ལྟར་སྣང་བའང་ཡོད་དོ། །ཚུལ་འདི་ནི་དེང་སང་ཚན་རིག་ཤེས་ཡོན་དར་རྒྱས་སུ་ཕྱིན་ནས་འཇིག་རྟེན་གྱི་ཆགས་ཚུལ་མངོན་སུམ་དུ་མཐོང་བ་དེ་སངས་རྒྱས་ཀྱི་གསུང་དང་འགལ་ཞིང་མངོན་སུམ་ལ་བསྙོན་མ་ནུས་ཏེ་འདི་འདྲའི་རྣམ་བཞག་ཅིག་གསར་དུ་བཟོ་རྒྱུ་དྲན་པ་མ་ཡིན་པར་ཀུན་མཁྱེན་ཤཱཀྱ་སེངྒེ་ཉིད་དང་། རྗེས་འཇུག་མཁས་གྲུབ་ཆེན་པོ་དག་གིས་སྔར་ནས་གསལ་བར་གསུངས་ཟིན་པ་ཡིན་ཏེ། པདྨ་རྣམ་པར་རོལ་བ་ཞེས་བྱ་བའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་བས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པ་པོས་བྱས་པའམ། ཇི་ལྟར་བལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ་སེམས་སམ་རྟོག་པའི་བག་ཆགས་ཀྱིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བལྟས་ཀྱང་རི་དང་རྒྱ་མཚོ་དང་། ཉི་མ་དང་། ཟླ་བ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་རཱ་ཎ་སཱི་ན་བྲམ་ཟེ་མེ་སྦྱིན་ཞེས་བྱ་བས་རང་གི་ལུས་སྟག་ཏུ་བསྒོམས་པས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོང་པ་བྱུང་ངོ་། །
   ཟད་པར་ས་ཆུ་བསྒོམས་པས་ས་དང་ཆུར་སྣང་བ་དང་། རྣལ་འབྱོར་སྤྱོད་པའི་དགེ་སློང་གིས་མི་གཙང་བ་དང་རུས་གོང་གི་འདུ་ཤེས་བསྒོམས་པས་དེར་སྣང་བ་ཡིན་ན་ཐོག་མ་མེད་པའི་བག་ཆགས་བརྟས་པས་ཅི་སྟེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་བརྟས་པའི་དབང་གིས་རྣམ་པ་སྣ་ཚོགས་པ་དག་ཅིའི་ཕྱིར་སྣང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ནི་ལ་ལའི་མུན་པ་ཡིན་ནོ། །འདི་ལྟར་ས་འབའ་ཞིག་ལའང་། ས་ལ་སར་འདུ་ཤེས་པའང་ཡོད། ས་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། ས་ལ་སྡུག་བསྔལ་དུ་འདུ་ཤེས་པའང་ཡོད། མེ་ལ་མེར་འདུ་ཤེས་པའང་ཡོད། མེ་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། མེ་ལ་གནས་སུ་འདུ་ཤེས་པའང་ཡོད། མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། ཆུ་ལ་ཆུར་འདུ་ཤེས་པའང་ཡོད། ཆུ་ལ་མེར་འདུ་ཤེས་པའང་ཡོད། ཆུ་ལ་སར་འདུ་ཤེས་པའང་ཡོད། ཆུ་ལ་བདུད་རྩིར་འདུ་ཤེས་པའང་ཡོད། ཆུ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་ནམ་མཁར་འདུ་ཤེས་པའང་ཡོད། ནམ་མཁའ་ལ་གནས་སུ་འདུ་ཤེས་པའང་ཡོད། ནམ་མཁའ་ལ་སར་འདུ་ཤེས་པའང་ཡོད། དེ་བས་ན་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱི་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ། །
   ཞེས་གསུངས་པ་དང་། དེ་བཞིན་དུ་ལོ་སྟོང་ལྷག་གི་སྔོན་དུ་བྱོན་པའི་པཎྜི་ཏ་སེངྒེ་བཟང་པོ་ཞེས་པའི་ཞལ་སྔ་ནས། མཚོའི་མཐའ་མ་ན་འཛམ་བུའི་ཤིང་གནས་པས་ཉེ་བར་མཚོན་པ་རྒྱ་མཚོ་ཆེན་པོའི་ཆུའི་ནང་ན་གནས་པའི་ངོས་ཀྱི་ཆ་སོག་ཀའི་ངོས་གསུམ་ལ་ནི་སྟོང་ཕྲག་གཉིས་གཉིས། གཅིག་ལ་དཔག་ཚད་ཕྱེད་དང་བཞི་བཅས་པ་ནི་ཆུ་ཞེང་གི་ཚད་དེ། དེ་ཐམས་ཅད་ནི་ཆོས་མངོན་པ་གཅིག་ལས་བསྟན་ཏོ། །མངོན་པ་གཞན་དང་གཞན་ལས་ནི་གཞན་ཏེ་ཚད་མི་མཐུན་པར་བསྟན་ཏོ། །འཛམ་བུའི་གླིང་ལ་སོགས་པའི་སྣོད་གཞག་པ་ཐེག་པ་ཆེན་པོའི་མདོ་ལས་རྣམ་པར་བཞག་པའི་ཚད་ཤིན་ཏུ་མི་འདྲ་སྟེ་ཞེས་དང་། དེ་ལྟར་ན་ཇི་ལྟར་གཞན་དང་གཞན་མི་འགལ་ཞེ་ན། སྨྲས་པ། གང་གི་ཕྱིར་ཕྱིའི་དངོས་པོ་ཡོངས་སུ་མ་གྲུབ་པས་ཀུན་རྗོབ་ཀྱི་སོ་སོར་སྣང་བ་ལ་གླིང་རྣམ་པར་གཞག་སྟེ། ཇི་ལྟ་ཇི་ལྟར་སོ་སོར་སྣང་བ་དེ་ལྟ་དེ་ལྟར་རྣམ་པར་བཞག་སྟེ་འགལ་བ་མེད་དོ། ། ཞེས་སྨྲས་པས། ཁོ་ན་རེ། འཇིག་རྟེན་གྱི་སྣང་བ་རྣམས་གཅིག་ཏུ་མ་ངེས་པ་ཇི་ལྟར་ཡིན་ཏེ། རང་ཅག་ལ་ཆུ་ཁོལ་མ་ནི་ནམ་ཡང་ཚ་བ་ཡིན་གྱི་ཚ་མི་ཚ་སྣ་ཚོགས་སུ་ག་ལ་སྣང་ཟེར། དེ་ལ་སྨྲས་པ། རང་རེ་རྣམས་ལའང་ཆུ་ཁོལ་མ་སོགས་རྐྱེན་གཞན་དང་མ་འཕྲད་ན་ཚ་བར་སྣང་ནའང་རྟག་པར་ཚ་བའང་མ་ཡིན་ཏེ། རྡོ་མེ་ནང་དུ་བསྲེགས་ཏེ་དམར་པོ་མེའི་གོང་བུ་བཞིན་དུ་གྱུར་ཚེ་དེའི་སྟེང་དུ་རྐང་པས་བརྫིས་ཀྱང་སྔགས་དང་ཏིང་འཛིན་གྱི་མཐུས་ཅུང་ཟད་ཀྱང་མི་ཚ་བ་མངོན་སུམ་དུ་མཐོང་མྱོང་མཁན་ནི་བོད་རིགས་ཀྱི་དམངས་ཁྲོད་ན་ད་དུང་མང་པོ་ཡོད་དོ། །དེས་ན་རང་རེ་རྣམས་ལ་རེ་ཞིག་ཚ་བར་སྣང་མོད། དེ་ཙམ་གྱིས་ཅི་ཡང་མི་འགྲུབ་སྟེ། དཔེར་ན་སྤྱི་ལོ ༡༩༣༦ ལོའི་དབྱར་དུས་ཧྥ་རན་སེའི་འགྲུལ་བསྐྱོད་པ། ལེའུ་ལོས་ཞེས་པ་མཚོ་ནང་དུ་གྲུ་འགྱེལ་ཏེ་ཁོ་རང་མཚོ་རླབས་ཀྱིས་གླིང་ཕྲན་ཞིག་ཏུ་ཁྱེར། དེར་ཆུ་ནང་དུ་ཉ་ཤི་བོ་ལྟ་བུ་འགའ་ཞིག་མཐོང་བ་བླངས་ཏེ་མེ་བཏང་ནས་སྣོད་དུ་བཙོས། ཅུང་ཞིག་ནས་ཉ་ཚོས་ཡོད་སྙམ་སྟེ་སྣོད་ཀྱི་ཁ་ཕྱེ་བས་ཉ་རྣམས་ནི་ལྷོག་ལྷོག་ཏུ་ཁོལ་པའི་ཆུ་ནང་ན་ཕར་འགྲོ་ཚུར་འགྲོའི་ངང་བདེ་བར་གནས་པ་མཐོང་བས་དངངས་སྐྲག་ཆེན་པོ་སྐྱེས། ཕྱིས་སུ་གནའ་རྫས་རྟོག་ཞིབ་པས་ཞིབ་འཇུག་བྱས་ཏེ་བཤད་རྒྱུར། མེ་རིའི་སྟོབས་ཀྱིས་མཚེའུ་ཞིག་གི་ཆུ་ཚ་པོར་གྱུར་ཅིང་ཉ་དེ་དག་ཆུ་ཚ་བོར་སྡོད་རྒྱུ་གོམས་ནས་ཕྱིས་ཆུ་མི་ཚ་བའི་ནང་དུ་འབྱོར་ཚེ་གྲང་བས་རེངས་པར་གྱུར་པ་རེད་ཅེས་བཤད། དེ་ལྟ་ན་གཅིག་ལ་མི་གྲང་བ་དེ་གཅིག་ལ་ཤིན་ཏུ་གྲང་བར་སྣང་། གཅིག་ལ་ཤིན་ཏུ་ཚ་བ་དེ་ཅིག་ཤོས་ལ་ཅུང་ཟད་ཀྱང་མི་ཚ་བར་སྣང་ཞིང་དེ་ཡང་གོམས་མ་གོམས་ལ་རག་ལས་པར་མངོན་ན་མཉམ་མེད་ཐུབ་པའི་དབང་པོས་སྣང་བ་རྣམས་ཕྱི་རོལ་ན་བདེན་པར་མ་གྲུབ་ལ་སེམས་ཅན་རང་རང་གི་གོམས་པའི་བག་ཆགས་ལས་བྱུང་བ་ཡིན་ཞེས་གསུངས་པ་དེ་ཉིད་མིག་མཐོང་ལག་ཟིན་དུ་བྱུང་བ་ཆེས་ངོ་མཚར་ཆེ་བའི་གནས་མ་ཡིན་ནམ། གལ་ཏེ་སྐབས་དེར་མི་དང་ཉ་དེ་དག་གཏམ་གླེང་ཞིག་བྱེད་སྲིད་ན་འདི་ལྟར་འགྱུར་ཏེ། མིས་ཉ་དེ་དག་ལ་སྨྲས་པ། ཀྭ་ཡེ། ཁྱེད་ཅག་ཆུ་ཁོལ་བཞིན་པ་ལུས་ལ་རེག་པ་ཙམ་གྱི་ཚ་བའི་སྡུག་བསྔལ་མི་བཟད་པ་སྐྱེད་པ་འདིའི་ནང་བདེ་བར་སྡོད་ཐུབ་པ་ཅི་ཡིན་ཟེར། ཉས་སྨྲས་པ། ཅི་ཟེར། ཆུ་འདི་ཤིན་ཏུ་ཚ་བ་ཞིག་ག་ལ་ཡིན། ཆུ་འདི་རེག་བྱ་མི་ཚ་བ་ཞིག་ཏུ་ཁོ་བོ་ཅག་གིས་མངོན་སུམ་མྱོང་བས་ཁྱོད་ཀྱིས་ཚ་བར་སྨྲས་པ་ནི་རྫུན་འབའ་ཞིག་གོ་ཟེར། མིས་སྨྲས་པ། ཁྱེད་རྣམས་ཀྱིས་མི་ཚ་བར་མཐོང་ནའང་དེ་འཁྲུལ་བ་ཡིན་པས་དོན་ལ་མི་གནས་ཤིང་། ངེད་ཀྱིས་ཚ་བར་མཐོང་བ་དེ་མ་འཁྲུལ་བ་ཡིན་པས་དོན་ལ་ཆུ་འདི་ནི་ཚ་བ་ཡིན་ནོ་ཟེར། ཉས་སྨྲས་པ། ཀྱེ་བཞིན་བཟང་། ཁྱོད་ཀྱི་སྣང་བ་དེ་མ་འཁྲུལ་བ་དང་། ངེད་ཅག་གི་སྣང་བ་དེ་མཐའ་གཅིག་ཏུ་འཁྲུལ་བ་ཡིན་པར་ཁྱོད་ཀྱིས་སྒྲུབས་ཤིག་དང་ཟེར། དེར་མིས་ཇི་ལྟར་བརྟགས་ཀྱང་། ཆུ་དེ་ཚ་བོ་ཡིན་པ་དང་། ཚ་བོར་མྱོང་བ་དེ་མ་འཁྲུལ་བ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་གྱི་རྩ་བ་ནི་རང་གི་ཤེས་པ་ལ་དེ་ལྟར་སྣང་བ་ཁོ་ན་ལ་མཐར་ཐུག་ཅིང་དེ་ཡང་ཕ་རོལ་པོ་དེ་ལ་སྒྲུབ་བྱེད་དུ་མི་འགྲོ་བས་རྒྱུ་མཚན་ཅི་ཡང་སྨྲ་རྒྱུ་མི་རྙེད་དོ། །
   དེ་ལྟར་ན་དོན་ལ་ཆུ་དེ་ཚ་མི་ཚ་གཉིས་ཀ་ཡིན་པ་ནི་མི་སྲིད་ལ། དེ་ལས་ཅིག་ཤོས་གཅིག་ཏུ་བདེན་ལ་ཅིག་ཤོས་རྫུན་པ་ཁོ་ན་ཡིན་པའི་རྒྱུ་མཚན་ཅི་ཡང་མེད་པས་རང་རང་ལ་སྣང་བ་དེ་ཉིད་རེ་ཞིག་རང་རང་གི་ངོར་བདེན་ཞེས་སྨྲས་ན་འགྲུབ་ཀྱི་དངོས་པོ་རྣམས་ཀྱི་གནས་ལུགས་ནི་རང་ཅག་ལ་སྣང་བ་འདི་ཁོ་ན་ཡིན་ཞེས་བསྒྲུབ་དགོས་ན་ཤིན་ཏུ་དཀའ་བ་ཡིན་ནོ། །དཔེ་འདི་བཞིན་ནང་པའི་གཞུང་ནའང་རི་དྭགས་མེའི་གཙང་སྦྲ་ཅན་ཞེས་པ་མེའི་ནང་དུ་སྡོད་པའི་སྲོག་ཆགས་ཤིག་ཡོད་པར་གསུངས་ལ། དེང་སང་མེ་རིའི་ནང་དུ་དང་། དུག་ཆུའི་ནང་དུའང་བདེ་བར་འཚོ་བའི་སེམས་ཅན་ཡང་ཡོད་པར་མངོན་སུམ་མཐོང་བ་མ་ཡིན་ནམ། གཞན་ཡང་ཁ་ཅིག་ལ་སྲ་ཞིང་མཁྲེགས་པར་སྣང་བ་དེ་ཉིད་ལ་ཤིན་ཏུ་སྙི་བའི་རང་བཞིན་དུ་སྣང་བའང་ཡོད་དེ། ཧྥ་རན་སེའི་མི་མིས་ཤེར་ལོ་དུས་ཏོ། ཞེས་པ་དེས་སྤྱི་ལོ ༡༩༦༦ ལོ་ནས་བཟུང་ལྕགས་དང་ཤེལ་རྣམས་མི་གཞན་གྱིས་ཡོས་འཆའ་བ་བཞིན་དུ་ཟོས་ཏེ་མིད་པར་བྱེད། འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྨན་པས་དེར་བརྟག་དཔྱད་བྱས་ཀྱང་རྒྱུ་མཚན་གསལ་པོ་ཅི་ཡང་མ་རྙེད་པ་རེད། དེ་བཞིན་དུ་མོ་ལོ་ཀའི་རྒྱལ་ཁབ་ཀྱི།  ཨ་ཏིས་ཞེས་པའི་མི་ཞིག་གིས་རྟག་ཏུ་ཤེལ་བཟའ་བར་བྱེད་ལ་ཤེལ་རྣམས་ཁོ་རང་ལ་ཤིང་ཏོག་གི་རོ་བཞིན་ཞིམ་པོར་སྣང་། ཟོས་རྗེས་ཕོ་བའི་ནང་དུ་ཤེལ་ཅུང་ཟད་ཀྱང་མཐོང་རྒྱུ་མེད་པས། མོ་ལོ་ཀིའི་བདེ་ཐང་ལྟེ་གནས་ཀྱི་སྨན་པས་འདི་ནི་འགྲེལ་བཤད་བྱ་ཐབས་མེད་པའི་དོན་ཡ་མཚན་ཅན་ཞིག་རེད་ཅེས་བཤད་དགོས་བྱུང་། གཞན་ཡང་ལ་ལར་ཞིམ་པར་སྣང་བ་དེ་ཉིད་ལ་ལར་བཙོག་པར་སྣང་། ལ་ལར་སྒྲིབ་བྱེད་དུ་སྣང་བ་དེ་ཉིད་ལ་ལར་མི་སྒྲིབ་པར་མཐོང་། གཟུགས་གཅིག་ལའང་ཁ་ཅིག་གིས་ཆེན་པོ། ཁ་ཅིག་གིས་ཆུང་ངུ་། ཁ་ཅིག་གིས་དྲུང་ན་གནས་ཀྱང་མི་མཐོང་བ་སོགས་སེམས་ཅན་སོ་སོའི་སྣང་བ་ཤིན་ཏུ་མང་པོ་ཞིག་ད་ལྟ་འཛམ་གླིང་སྟེང་ན་གཅིག་རྗེས་གཉིས་མཐུད་དུ་མིག་མཐོང་ལག་ཟིན་ལ་བྱུང་དང་འབྱུང་བཞིན་པ་འདི་དག་ལ་ཞིབ་ཏུ་དཔྱོད་དང་རིལ་རིལ་པོར་སྣང་ན་ལེབ་ལེབ་མོར་མི་སྣང་བའི་ངེས་པ་འདུག་གམ། དེས་ན་འཇིག་རྟེན་རིལ་རིལ་པོར་མཐོང་བས་ལེབ་ལེབ་མོར་སྣང་དུ་རུང་བ་མི་ཁེགས། ལེབ་ལེབ་མོར་སྣང་བས་རིལ་རིལ་པོར་སྣང་དུ་རུང་བ་མི་ཁེགས།  བཀག་དོན་ཡང་མེད་དེ་སེམས་ཅན་གྱི་ལས་སྣང་སྣ་ཚོགས་པའི་ཕྱིར་རོ། །ལར་རང་ཅག་གིས་ཡིན་མིན་གྱི་རྣམ་བཞག་གང་བྱས་ཀྱང་གཙོ་བོ་རང་གི་ཤེས་པ་ལ་ཇི་ལྟར་སྣང་བའི་རྗེས་སུ་འབྲངས་ཏེ་ཐག་གཅོད་པས་ཤིན་ཏུ་ཁྱབ་ཆུང་ཆུང་ངོ་།། འཇིག་རྟེན་གྱི་སྣང་བ་རྣམས་ལ་དེ་འདྲའི་གོ་བ་ཟབ་མོ་ཞིག་ལེན་མ་ཤེས་པར་ཨུ་ཚུགས་མཁྲེགས་བཟུང་བྱས་ན་མཐར་གཏུགས་ཚེ། རིགས་པ་ཕུགས་རྡུགས་ནས་སྨྲ་རྒྱུ་མི་རྙེད་པར་སྡོད་དགོས་བྱུང་ཞིང་འབྱུང་བར་འགྱུར་རོ། །དེ་བས་ན་བདག་ཅག་གི་སྟོན་པས་འཇིག་རྟེན་གྱི་དབྱིབས་དང་ཚད་ད་ལྟའི་སྣང་ཚུལ་ལྟ་བུ་ཁོ་ན་ཞིག་ཡང་ཡང་བཀའ་བསྩལ་དུ་ཟིན་ན་ངོ་མཚར་མི་ཆེ་སྟེ། དེ་ཙམ་རྟོགས་སླ་བའི་ཕྱིར་རོ། ། ཐ་སྙད་ཀྱི་གནས་ཚུལ་ཟབ་མོ་འདི་མཁྱེན་ནས་འཇིག་རྟེན་གྱི་ཆགས་ཚུལ་སྣ་ཚོགས་ཤིག་གསུངས་པ་ནི་ཆེས་ངོ་མཚར་བའི་གནས་སོ། །
   དེ་ལྟར་མཉམ་མེད་ཐུབ་པའི་དབང་པོའི་གསུང་རྣམས་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་སྒྲུབ་རྒྱུ་ཡོད་པས་ཚན་རིག་གིས་ཅུང་ཟད་ཀྱང་མི་གནོད་པར་མ་ཟད།  ཚན་རིག་གིས་གཏན་ནས་གཞལ་མི་ནུས་པའི་ཟབ་པ་དང་རྒྱ་ཆེ་བའི་རྣམ་བཞག་ཆེས་མང་པོ་ཡོད་པ་ནི། གསུང་རབ་རིན་པོ་ཆེ་ཉིད་ལ་ཐོས་བསམ་བྱས་ཏེ་གདོད་ཤེས་པར་བྱ་བའི་གནས་རེད། དེའི་ཕྱིར་དེང་སང་འཛམ་གླིང་གི་ཐོག་ནང་པའི་གྲུབ་མཐའ་ལ་ཞིབ་འཇུག་བྱེད་མཁན་མཐོ་རིམ་ཤེས་ཡོན་ཅན་ཆེས་མང་པོ་འདུག་པ་དེ་དག་གིས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་ནུས་པ་བྱུང་ན།   སྟོན་པ་ཐུགས་རྗེ་ཅན་མཐའ་མེད་པའི་འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དེ་ཉིད་ཤེས་བྱ་ཐམས་ཅད་མཁྱེན་པ་དང་། དེའི་བསྟན་པ་དེའང་རྣམ་གྲོལ་གྱི་འཇུག་ངོགས་མཆོག་ཡིན་པ་ལ་སྐྱེ་བོ་ཐམས་ཅད་ཡིད་ཆེས་པ་ཞིག་འོང་བ་ལ་ང་ཚོ་ས་གོ་ལ་ཧྲིལ་པོའི་སྟེང་གནས་པའི་སངས་རྒྱས་ཀྱི་རྗེས་འཇུག་ཡོངས་ལ་ངེས་ཤེས་གཏིང་ཚུགས་པ་ཡོད། དེ་ལྟར་ཡིན་པའི་ཕྱིར་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཀྱང་། སངས་རྒྱས་ཀྱི་རིག་པ་ནི་མཚན་ཉིད་རིག་པའི་མ་ལྟ་བུ་རེད། སངས་རྒྱས་ཀྱི་རིག་པར་ཞིབ་འཇུག་བྱས་ན་ཚན་རིག་གི་འཁྱོག་པ་གསོ་རུང་བ་རེད།  ཅེས་གསུངས།  དེ་བཞིན་དུ་དབྱིན་གོའི་མཚན་ཉིད་རིག་པ་བ་ལོ་ཧྲོས་ཀྱིས་ཀྱང་། འཛམ་གླིང་སྟེང་གི་ཆོས་ལུགས་རྣམས་ལས། ང་རང་གིས་ཆེས་ཡི་རངས་བྱེད་ས་ནི་སངས་རྒྱས་ཀྱི་ཆོས་ལུགས་ཡིན། ཞེས་དང་།  ཀྲུང་གོའི་ཚན་རིག་པ་ཡུག་ཀྲི་པུས་ཀྱང་། སངས་རྒྱས་ཆོས་ལུགས་ནི་ཕུལ་དུ་བྱུང་བའི་ཚན་རིག་ཅིག་རེད། ཅེས་གསུངས།རླབས་ཆེན་གྱི་ཚན་རིག་པ་ཨེ་དབྱིན་སུ་ཐན་གྱིས་ཀྱང་། གལ་ཏེ་དེང་རབས་ཚན་རིག་གི་གནད་གལ་ཆེན་པོ་ལ་རམ་འདེགས་བྱེད་ནུས་པའི་ཆོས་ཤིག་ཡོད་ན་དེ་ནི་སངས་རྒྱས་ཀྱི་ཆོས་འདི་ཡིན་ཅེས་སྨྲས་སོ། །
   ཚན་རིག་པ་དེ་དག་གིས་ནང་པའི་ཆོས་འདི་ལ་ཚན་རིག་གིས་མི་གནོད་པར་མ་ཟད་དེ་ལས་ཀྱང་ཆེས་ལྷག་པའི་ཁྱད་ཆོས་དུ་མ་དང་ལྡན་ཚུལ་ཞིབ་རྒྱས་སུ་བཀོད་པའི་གཞུང་དུ་མ་བརྩམས་ཡོད་དོ། །སྤྱིར་ནང་པ་སངས་རྒྱས་པའི་གཞུང་རང་ན་རིགས་པ་རྨད་དུ་བྱུང་བ་དུ་མ་ཡོད་པས་ཚན་རིག་གི་སྒྲུབ་བྱེད་ལ་ལྟོས་མི་དགོས་མོད། དེང་སང་མི་རྣམས་ཀྱིས་ཚན་རིག་ལ་རྩིས་པོ་ཆེ་བྱེད་ཅིང་། དེས་གྲུབ་ན་ཡིད་ཆེས་པའི་གནས་སུ་བྱེད་པས་ཚན་རིག་པ་དེ་དག་གི་ཡིག་འཇོག་ལ་ལྟོས་ཤིག་དང་ཤེས་པར་འགྱུར་རོ། །འོན་ཀྱང་ཚན་རིག་གིས་གཏན་ནས་དཔོག་མི་ནུས་པ་རྣམས་ནི་རྒྱལ་བའི་གསུང་རབ་རིན་པོ་ཆེའི་སྟེང་ནས་བརྟག་ན་ད་གདོད་ཡིད་ཆེས་པར་འགྱུར་བ་ཡིན་ནོ། །ཞེས་སྨྲས་པས་ཁོ་རང་ཤིན་ཏུ་ཡི་རངས་ཏེ། དངོས་གནས་རྒྱུ་མཚན་འདུག ནང་པ་སངས་རྒྱས་པའི་གཞུང་ལ་ཞིབ་ཏུ་བལྟས་ན་འཇིག་རྟེན་གྱི་བདེན་དོན་མ་ནོར་བར་གཏན་ལ་ཕབ་ཡོད་ངེས་རེད། ཅེས་ཟེར་རོ། །དེ་མིན་དྲི་བ་དྲིས་ལན་གཞན་འགའ་བྱས་ཀྱང་འདིར་རེ་ཞིག་མ་བཀོད་དོ། །འོ་ན་ཁྱོད་གཏམ་འདི་དག་ཅིའི་ཕྱིར་ཡི་གེར་བཀོད་ཅེ་ན། རང་རེ་གངས་ཅན་པ་རྣམས་ནི་ཐམས་ཅད་ཆོས་ལ་ཤིན་ཏུ་དད་ཅིང་། དེ་དག་ལས་ནང་དོན་རིག་པ་ལ་སྦྱངས་པ་དག་ལ་ནི་འདི་ཙམ་གྱིས་དགོས་པ་ཅི་ཡང་མེད་མོད། མ་སྦྱངས་ཤིང་རྟོག་ཅིང་དཔྱོད་པ་འགའ་ལ། ཅི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་དེ་མངོན་སུམ་དང་འགལ་བ་ཡིན་ནོ། །འོན་ཏེ་དེང་དུས་ཀྱི་ཚན་རིག་པ་དེ་དག་གིས་རྫུན་སྨྲས་པ་ཡིན་སྙམ་དུ་དོགས་པ་འབྱུང་སྲིད་པས་སྐྱེ་བོ་དེ་དག་གི་ཕྱིར་དང་། གཞན་ཡང་དེང་སང་རྒྱལ་བའི་གསུང་རབ་རིན་པོ་ཆེར་ཞིབ་འཇུག་བྱེད་མཁན་མང་དུ་སྣང་བས་དེ་དག་ལའང་དཔྱད་གཞིའི་ས་བོན་ཙམ་དུ་དམིགས་ཏེ། སྤྲོས་ན་མང་དུ་སྨྲ་རྒྱུ་ཡོད་མོད། ཤིན་ཏུ་བསྡུས་ཏེ་མཚོན་ཙམ་ཞིག་བྲིས་པ་ཡིན་ནོ། ། དེ་ལྟ་ནའང་གང་ཟག་གི་བློ་སྐྱོན་གྱིས་ནོར་བ་ཡོད་ངེས་པས་འཇིག་རྟེན་གྱི་བདེན་དོན་འཚོལ་བའི་གཟིགས་པ་པོ་དག་གིས་ཕྱོགས་སུ་མ་ལྷུང་བའི་རྣམ་དཔྱོད་ཀྱིས་འཁྲུལ་སེལ་ཤན་འབྱེད་མཛད་པར་ཞུའོ།། །།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག