ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཧེ་མིང་ཝེ་ཡི་གདམས་ངག་ཉེར་དྲུག

2015-07-03 ཤེས་རབ་ཟླ་བ།
༡. རྩོམ་པ་པོ་ལེགས་པོ་ནི་ཧེན་རེ་ཅམ་སི(Henry James, 1843-1916)དང་།   སི་ཏེ་ཧྥེན་ཁི་རེན(Stephen Crane, 1871-1900)།     མར་ཁེ་ཐུ་ཝེན(Mark Twain, 1835-1910)དག་ཡིན།   འདི་ཁོ་ཚོའི་འཇོན་ཐང་ལ་སྔ་ཕྱིའི་རིམ་པ་བསྒྲིགས་པ་ཞིག་མིན་ཏེ།   རྩོམ་པ་པོ་ལེགས་པོ་དག་ལ་རིམ་པ་བསྒྲིགས་དགོས་མེད།

༢. ཐོག་མར་རྩོམ་འབྲི་བའི་སྐྱེས་སྟོབས་ཀྱི་ཤེས་རབ་ཡ་མེད་ཅིག་ཅིས་ཀྱང་དགོས།   ཀི་ཕུ་ལིང(J. R. Kipling, 1865-1936)ནང་བཞིན་གྱི་ལྷན་སྐྱེས་ཀྱི་རྩལ་དགོས་པར་མ་ཟད།  སྦྱོང་བརྡར་ཡག་པོ་སྤྲོད་དགོས་ཏེ།   ཧྥུ་ལོ་པེར་ཐི(Gustave Flaubert, 1821-1880)ལྟ་བུའི་སྦྱོང་བརྡར་ཐོབ་དགོས།   མ་ཟད་སུས་ཚད་ག་འདྲ་ཞིག་འབྲི་ཐུབ་མིན་ཡང་གསལ་པོར་མཁྱེན་ཅིང་།    སེམས་ཡ་ཡོ་མེད་པར་བརྟན་པོ།   ཕ་རི་སི་ཡི་ཚད་གཞི་བརྩི་སྤྱད་དང་འདྲ་བར་འགྱུར་བ་མེད་པ་ཞིག་དགོས་པ་ལས།   གཡོ་རྫུ་གཏན་ནས་ཡོད་མི་རུང་།   བློ་རིག་དང་ལྡན་དགོས་པར་མ་ཟད།   ཁེ་དང་སྙན་གྲགས་ལ་དང་དོད་ཆེ་བྱ་མི་རིགས།   དེ་ལས་གལ་ཆེ་བ་ཞིག་ལ་ངེས་པར་དུ་གསོན་དགོས།   འདི་ཐམས་ཅད་མི་གཅིག་ལ་འཛོམས་དགོས་པའི་ཁར།   རྩོམ་པ་པོ་ཞིག་གི་ཕྲག་ལ་བབས་པའི་འོས་དང་འགན་ཚང་མའང་ཐེག་པར་བྱ་དགོས།   ཚེ་ཡུན་འདི་འདྲ་ཐུང་བས་དོན་ཆེས་གལ་ཆེ་ཤོས་དེ་ནི་སྲོག་མ་ཤོར་བ་བྱས་ནས་རྩོམ་གང་དེ་བྲིས་ནས་འགྲུབ་པ་བྱ་རྒྱུ་དེ་རེད།

༣. རྩོམ་པ་པོའི་ལས་ཀ་ནི་མི་རྣམས་ལ་བདེན་པ་གང་ཡིན་པ་འཆད་རྒྱུ་དེ་རེད།    ཁོས་ཡིད་ཆེས་པར་བྱ་བའི་བདེན་པ་དེ་ཚད་ཐིག་འདི་འདྲ་ཞིག་ལ་སླེབས་དགོས་པ་སྟེ།  རང་གི་མྱོང་བ་གཞི་རུ་བཞག་ནས་བརྩམས་པའི་རྩོམ་གང་དེ་མངོན་སུམ་གྱི་འཇིག་རྟེན་ལས་ཀྱང་བདེན་དུ་རུང་བ་ཞིག་ཡིན་དགོས།   མངོན་སུམ་གྱི་ཆོས་དག་ལ་ལྟ་བར་ལེགས་ཉེས་ཤོར་འགྲོ་བ་ཡོད་པས།  རྩོམ་པ་པོ་ལེགས་པོ་ཞིག་ལ་མངོན་སུམ་གྱི་ཆོས་ལ་ལྟ་བའི་ཡུལ་དང་དུས་གཉིས་ཆ་ཡོད་པས།   བདེན་པ་བདེན་ཐུབ་ཅིག་འབྲི་ཐུབ།

༤. དངོས་གནས་དྲང་གནས་ཀྱི་རྩོམ་པ་པོ་ལེགས་པོ་ཞིག་ལ་མཚོན་ན།   དེབ་རེ་རེ་ནི་རིག་པ་མ་སླེབས་པའི་ཡུལ་གསར་པ་དག་ལ་བགྲོད་པའི་གོམ་པ་ཐོག་མ་ཡིན་ཅིང་།   ཁོས་ནི་གཞན་གྱིས་མ་བྱས་པ་ཞིག་གམ།   བྱས་ཀྱང་མ་གྲུབ་པ་དག་ཨེ་འགྲུབ་ལ་ཚོད་ལྟ་བགྱི་དགོས་ཤིང་།   འདི་ལྟར་ན་ཁོ་ལ་འབྲས་བུ་ཐོབ་པའི་སྐལ་བ་ལྡན་ནོ། །

༥. རྩོམ་པ་པོ་ཞིག་ཇི་ལྟར་ལེགས་པ་དེ་ལྟར་གྱིས་རང་གི་རྩོམ་དག་གླེང་བ་ཤིན་ཏུ་ཉུང་།   ཅམ་སེ་ཅོ་ཡི་སེ(James Joyce, 1882-1941)ནི་རྩོམ་པ་པོ་ཆེན་པོ་ཞིག་ཡིན་ཅིང་།  ཁོས་ནི་གླེན་པ་ཁོ་ནར་ཁོས་ཅི་ཞིག་སྒྲུབ་བཞིན་པ་ཤོད་ཀྱི་ཡོད།

༦. མི་ཞིག་གི་རྩོམ་ལ་ཚད་གཞལ་བའི་ཐིག་ཤིང་ནི་གྲངས་ཀ་ཡི་ཆ་ནས་མིན།   གལ་ཏེ་རྩོམ་པ་པོ་ཞིག་གིས་སྒྲུང་ཐུང་ཚོར་བ་དྲག་པོ་མངོན་པ་དང་གབ་པ་གཉིས་ཆ་འདུས་པ་ཞིག་བྲིས་ཚེ།  ཀློག་མཁན་གྱིས་བཀླགས་པས་སྒྲུང་རིང་ཞིག་བཀླགས་པ་དང་མཚུངས་པ་ཡིན་ལ།   སྒྲུང་ཐུང་དེ་ལྟ་བུས་ཡུལ་དུས་ཀྱི་སྐལ་བ་མང་པོ་ཐུབ་བོ། །

༧. ནོར་མན་མའེ་ལེར(Norman Mailer, 1923-2007)ནི་འཁྲུག་ཆེན་རྗེས་ཀྱི་རྩོམ་པ་པོ་ཆེས་ཕུལ་དུ་བྱུང་བ་དེ་ཡིན་ཤས་ཆེ།   ཁོ་མིའི་སེམས་འབྲི་མཁན་ཞིག་ཡིན་ལ་ཀློག་པ་པོའི་ཡིད་དབང་འགུག་པའང་སེམས་ཀྱི་ཆ་དེ་དག་ཡིན།   གཅིག་བྱས་ན་ཁོས་གཅེར་བུ་དང་འདས་པོ(The Naked and the Dead, 1948)ལྟ་བུ་ཞིག་གཞར་ཡང་འབྲི་ཐུབ་མི་སྲིད་ལ།  གལ་ཏེ་བྲིས་ཡོད་ཚེ་ང་ཚོས་དོ་སྣང་བྱ་དགོས་ཀྱི་ཡོད།   དེ་ནི་ཏོ་སི་ཐོ་ཡེབ་སི་ཀེ(Fyodor Dostoevsky, 1821-1881)གཞན་ཞིག་གིས་ང་ལ་འགྲན་སློང་དུ་ཡོང་བ་རེད།   ཡིན་ནའང་ཏོ་སི་ཐོ་ཡེབ་སི་ཀེ་དང་འགྲན་མཁན་སུ་ཡིན་ཡང་ལན་གསུམ་གྱིས་ཕམ་པར་ངེས་སོ། །

༨. སྒྱུ་རྩལ་པ་དོན་དམ་པ་ཞིག་གིས་རྩོམ་གང་དེ་མཚོན་བྱེད་ཅན་དང་།   ལེགས་བཤད་ཅན་འབའ་ཞིག་ཏུ་ཅིས་ཀྱང་མི་བྱ་མོད།   སྒྱུ་རྩལ་གྱི་གསུང་རྩོམ་དོན་དམ་པ་མཐའ་དག་ཏུ་མཚོན་བྱེད་དང་ལེགས་བཤད་ཀྱི་དྲི་ཡིས་མ་གོས་པ་གཅིག་ཀྱང་མེད།

༩. རྩོམ་ཆེན་པོ་དག་ལ་སྨྲ་བསམ་བརྗོད་མེད་ཀྱི་གསང་བའི་ཆ་ཞིག་འདུས་ཤིང་།   དེ་ལས་ཡོངས་སུ་ཕྲལ་ཐབས་མེད་པར།   ཉམས་མེད་དུ་འཚོ་ཞིང་ཚེ་ཡི་རྒྱུན་ལ་ཆད་པ་མེད།   དེ་དག་ཀློག་ཐེངས་རེ་རེས་ཁྱོད་ལ་མྱོང་བའམ་ཚོར་བ་གསར་པ་ཞིག་ཐོབ་པའམ་རྒྱུད་ལ་འབྱོར་བར་འགྱུར་རོ། །

༡༠. ཡིན་ནའང་གསང་བའི་ཉམས་དེ་རྩོམ་འབྲི་བའི་རྩལ་མེད་པ་དང་ཉོག་ཏུ་འཇུག་མི་རུང་།   རྩོམ་རྩལ་མེད་པ་དག་གིས་གསང་བའི་ཉམས་མི་དགོས་པའི་དུས་སུ་དགོས་པར་བྱེད་པས།   ཤེས་བྱ་མི་འདང་བའམ།  ཡང་ན་ཁོར་དོན་དེ་བརྗོད་པའི་རྩལ་དང་བྲལ་བ་ཉིད་སྦེད་པའི་ཕྱིར་དུ་གཡོ་རྫུ་ཟོལ་བཅོས་བྱེད་པ་ལས་བྱ་ཐབས་ཟད།  གསང་བའི་རིང་ལུགས་དེར་སྨྲ་བསམ་བརྗོད་འདས་ཀྱི་ཆོས་མང་པོ་ཞིག་འདུས་ཡོད་ནའང་།   རྩོམ་རྩལ་མེད་པ་ནི་གསང་བ་ཞིག་མ་ཡིན་པ་སྟེ།   ཚགས་ཤོག་སྟེང་གི་རྩོམ་ཚད་ལས་འདས་པ་དག་ལ་རྫུན་ཙག་ཙིག་རེ་བསྲེས་ནས་ལོ་རྒྱུས་སྙན་རྩོམ་ལྟ་བུ་རེ་འབྲི་བའང་རྩོམ་རིག་ག་ལ་ཡིན་ཏེ་མ་ཡིན།   གནད་འདི་ཡིད་ལ་དམ་པོར་འཛིན་དགོས་ཏེ།   རྩོམ་པ་པོ་ཐབས་ཆག་ཚང་མ་སྒྲུང་ཆེན་པོའམ་ལོ་རྒྱུས་སྙན་རྩོམ་འདྲ་བའི་འབྲི་ཐབས་ལ་ཤིན་ཏུ་དགའ་པོ་བྱེད།

༡༡. རྩོམ་པ་པོ་ཞིག་གིས་རྒྱུས་མེད་པ་ལ་ཁག་བཞག་ནས་ཆོས་མང་པོ་ཞིག་བསྡུ་བ་དེས་རྩོམ་ལ་སྐྱོན་མང་དུ་འབྱུང་བ་ཡིན།  རྩོམ་པ་པོ་གང་ཞིག་གིས་ནན་ནན་ཏིག་ཏིག་གིས་རྩོམ་མི་འབྲི་བར།  མི་རྣམས་ལ་ཁོ་རང་གིས་སློབ་གསོ་ཡག་པོ་ག་འདྲ་ཞིག་མྱངས་མྱོང་ཚུལ་དང་།   ཡོན་ཏན་འབྱོར་ཡོད་པའམ་སྐྱེས་ཁུངས་བཟང་བ་སོགས་ངོམ་པ་དང་འཕྱོར་བ་ལ་བྲེལ་ཚེ།  དེ་ནི་ནེ་ཙོའི་ངང་ཚུལ་འཛིན་པ་ཙམ་ལས་གཞན་ཅི་ཡང་མ་ཡིན།

༡༢. གལ་ཏེ་རྩོམ་པ་པོ་ཞིག་གིས་འཚོ་བ་དང་མི་ལ་ཞིབ་ཏུ་ལྟ་བ་བསྐྱུར་ཚེ།    ཁོ་ཚར་སོང་བ་སྟེ་དེ་འདྲ་ལས་རྩོམ་ཡག་པོ་ཞིག་འབྱུང་མི་སྲིད།

༡༣. རྩོམ་པ་པོ་ཞིག་ལེགས་མིན་ལ་བརྟག་པར་རྩོམ་པ་པོ་འདས་པོ་དག་དང་བསྡུར་བ་ནི་ཐབས་ལེགས་པོ་ཞིག་ཡིན།  རྩོམ་པ་པོ་ཚེ་ལས་མ་འདས་པ་མང་པོའི་མཚན་དང་སྙན་གྲགས་ནི་དཔྱད་བརྗོད་པས་མཐོ་རུ་བསྟད་པ་ཡིན་ཅིང་།   དཔྱད་བརྗོད་པ་ལ་རྒྱུགས་ཆེ་བའི་རྩོམ་མཁན་དང་།   དེ་དག་གི་རྩོམ་མི་ཕལ་བས་ཧ་གོ་ཐུབ་པར་མ་ཟད་ཁོས་བསྟོད་པ་བྱས་ནའང་གཞན་ལ་མི་འཐད་པ་མི་འོང་བ་ཞིག་དགོས།  གལ་ཏེ་རྩོམ་མཁན་དེ་དག་ཚེ་ལས་འདས་པའི་སྐབས་ནས་དེ་དག་ཀྱང་མི་སྣང་བར་གྱུར་པ་རེད།

༡༤. བློ་གྲོས་ཆེན་པོ་མེད་པ་དག་ལ་ད་གཟོད་གྲལ་རིམ་གྱི་འདུ་ཤེས་ལྡན།

༡༥. མ་ཡིན་ཡིན་མདོག་གི་སྤམ་རྫུ་སྟོན་མཁན་དང་།   ཧྥ་རན་སིའི་ཚན་རིག་གླིང་ངམ་ཚན་རིག་གླིང་ག་གེ་མོར་ཡར་ཞུ་གནང་མཁན་གྱི་རྩོམ་པ་པོ་དག་ལས་ཆེས་ཐ་ཤལ་དུ་གྱུར་པ་འཇིག་རྟེན་འདི་ན་མེད།

༡༦. ཆེ་རུ་གཏོས་པའི་རང་གི་འདོད་པ་དང་བློ་ལ་ཡིད་ཆེས་སུ་བྱ་བ་གཅིག་ཀྱང་མེད་པས།   ཐམས་ཅད་མངོན་སུམ་དང་།   སྦ་གསང་མེད་པ།   བདེན་པ་བདེན་ཐུབ།   བབ་ཆགས་པ་ཞིག་ལམ་དུ་འབྲི་དགོས།

༡༨. གལ་ཏེ་རང་གི་ཅི་འབྲི་རུ་འདོད་པ་དེ་སེམས་ལ་གསལ་པོར་ཡོད་ཚེ།   ཡིད་དུ་ཡོད་པ་མང་པོ་ཞིག་བསྡུས་པས་ཆོག་ལ།   ཀློག་པ་པོས་ཀྱང་རྩོམ་པ་པོས་བྲིས་པ་ཇི་སྲིད་བདེན་པ་བདེན་ཐུབ་ཡིན་པ་དེ་སྲིད་ཀྱིས་བསྡུས་ཟིན་པ་དེ་དག་མངོན་སུམ་དུ་མཐོང་བ་ནང་བཞིན་ཧ་གོ་ཐུབ་ཀྱི་ཡོད།  འཁྱགས་རི་ཆུ་ནང་དུ་འཕྱོ་བ་ནི་བརྗིད་ཆེ་ལ་གཟི་ཉམས་ལྡན་པ་ཞིག་སྟེ།   རྒྱུ་མཚན་ནི་དེའི་བརྒྱད་ཆའི་གཅིག་ཁོ་ན་ཆུ་ཁར་གཡེང་ཡོད་པས་སོ། །

༡༩. རྩོམ་པ་པོ་དག་གིས་མི་གསོན་པོ་འབྲི་དགོས་པ་ལས་མི་སྣ་འབྲི་དགོས་པ་མིན།   གལ་ཏེ་མི་གང་ཞིག་གསོན་ཉམས་དོད་པར་འབྲི་ཐུབ་ཚེ།   སྒྲུང་དེ་ལ་མི་ཉམས་པའི་སྲོག་དང་ལྡན་པ་ཞིག་ཏུ་འགྱུར་ཐུབ།   གལ་ཏེ་རྩོམ་པ་པོ་ཞིག་གིས་སྒྲུང་ནང་གི་མི་དག་ལ་རོལ་དབྱངས་དང་།   རི་མོ།   རྩོམ་རིག་གམ་ཚན་རིག་ལ་སོགས་གླེང་དུ་འཇུག་འདོད་ཚེ།   སྒྲུང་ནང་དུ་དེ་དག་གླེང་དུ་འཇུག་ཆོག་པ་ལས།   དེ་དག་ལ་དགོས་པ་མེད་ཀྱང་རྩོམ་པ་པོས་བཙན་གྱིས་གླེང་དུ་འཇུག་པ་ནི་མི་རིགས།

༢༠. སྒྲུང་ནང་གི་མི་ནི་འབྲི་ཐབས་སམ་རྩལ་གང་རུང་ཞིག་གིས་གསར་དུ་བཟོས་པ་ཞིག་མིན་པར།   རྩོམ་པ་པོའི་ཤེས་བྱ་དང་།   ཀླད་པ།   སེམས་ལ་སོགས་པ་ཐམས་ཅད་ལས་བྱུང་བའི་མྱོང་བ་གཞི་གཅིག་ཏུ་བསྡུས་ནས་གྲུབ་པ་ཞིག་ཡིན།

༢༡. ངའི་འཚོ་བ་ཡག་པོ་ཡོད་ནའང་།   ངེས་པར་དུ་རྩོམ་འབྲི་དགོས།   གལ་ཏེ་རྩོམ་མ་བྲིས་ཚེ་ངས་འཚོ་བའི་ངོས་གཞན་དག་ལོངས་སུ་སྤྱོད་མི་ཐུབ།

༢༢. རྩོམ་འབྲི་དུས་གཅིག་པུར་བསམ་བློ་བཏང་ནས་འབྲི་བ་ལས་རྩོམ་པ་པོ་གཞན་དང་མ་འཕྲད་ན་ལེགས།

༢༣. འཚོ་ཚིས་དང་འབྱོར་བར་དོ་ཁུར་བྱ་མི་དགོས་པ་ནི་རྩོམ་འབྲི་བར་མཐུན་རྐྱེན་ལེགས་པོ་ཞིག་ཡིན།   དེ་མེད་ཚེ་ཟང་ཟིང་གི་བྲེལ་བས་ཤེས་པར་གནོད་ཅིང་།   དེས་རྩོམ་འབྲི་བར་བྱེད་པའི་རྒྱུ་དག་ལ་གནོད་དོ། །

༢༤. རྩོམ་པ་པོ་ཞིག་གི་ཐོག་མའི་སྦྱོང་བརྡར་ཡག་ཤོས་དེ་ནི་ཡི་མུག་པའི་བྱིས་དུས་ཤིག་ཡོད་རྒྱུ་དེ་རེད།

༢༥. རྩོམ་འབྲི་བ་ནི་ཁེར་ཧྲེང་གིས་འཚོ་བ་རོལ་ཐབས་ཤིག་ཡིན་ཏེ།  ཚོགས་པ་དང་རྩ་འཛུགས་གང་གིས་ཀྱང་དེ་སེལ་ཐུབ་མི་ནུས་སོ། །

༢༦. འཚོ་བར་དགའ་བ་ནི་རྩོམ་འབྲི་བར་དགའ་བ་དང་དབྱེར་མེད་པ་ཞིག་ཏུ་འགྱུར་བ་ལ།   བགེགས་དང་བར་ཆད་མང་པོ་ཞིག་འགོག་དགོས།   ནམ་ཞིག་རྩོམ་འབྲི་བ་དེ་ཁྱོད་ཀྱི་སྐྱོན་ཆ་དང་བདེ་བ་ཆེན་པོ་རུ་གྱུར་ཚེ།   འཆི་བ་ཁོ་ནས་ད་གཟོད་རྩོམ་འབྲི་བ་འགོག་ཐུབ།(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག