ཉེ་ཆར། ཀྲུང་གོའི་རྒན་རྒོན་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་རང་རྒྱལ་གྱི《རྒན་གསོའི་སྒྲིག་འཕེལ་རྒྱས་ཞིབ་འཇུག་སྙན་ཞུ》ཐོག་མ་བཀྲམས་པ་དང་། དེའི་ནང་ད་སྔ་ཀྲུང་གོའི་རྒན་གསོ་ཁང་བཅུ་ཆའི་གསུམ་ཙམ་གྱོང་གུད་ཐེབས་པའི་རྣམ་པར་གནས་ཤིང་། རྒྱལ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་ཆ་སྙོམས་སྟོང་པར་ལུས་ཚད 48% ལ་སླེབས་པ་བསྟན་ཡོད་འདུག གསར་འགོད་པས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་དམངས་གཉེར་རྒན་གསོ་ཁང་ཞིག་ལ་གཉེར་མཁན་གྱི་ས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒན་གསོའི་སྒྲིག་གཞི་ཡི་མ་འཇོག་མཐོ་ཞིང་། མི་སྣ་གསོ་སྐྱོང་གི་མ་གནས་མཐོ་བ། ཞིབ་མཆན་འགོད་པའི་གོ་རིམ་རྙོག་དྲ་ཆེ་ལ། སྤྱིར་བཏང་དུ་ལོ་གསུམ་ལ་གཉེར་རྗེས་གཞི་ནས་ཁེ་སྤོགས་ལེན་ཐུབ་པར་འདུག་མོད། འོན་ཀྱང་སྐབས་དེར་ཁང་གླའི་དུས་ཆད་དང་འཕྲད་ནས་མུ་མཐུད་ན་གོང་འཕར་བའི་གནད་དོན་དང་ཡང་འཕྲད་ཀྱི་ཡོད་འདུག དེར་མ་ཟད། ད་ལྟ་རྒན་གསོ་ཁང་དུ་སྡོད་པའི་རྒན་རྒོན་མང་ཆེ་ཤོས་ལོ་ན་མཐོ་བའམ་ནུས་པའམ་རིག་པ་ཉམས་པ་ཡིན་རྐྱེན། འཚོ་བ་རང་མགོ་རང་བདག་མི་ཐུབ་ལ། སྨན་བཅོས་ཞབས་ཞུའི་ཐད་ནས་ཀྱང་བླང་བྱ་མཐོན་པོ་ཡོད་འདུག
2013 ལོའི་ཟླ 9 པའི་དཀྱིལ་དུ། 《རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》 བཏོན་པ་རེད། 《བསམ་འཆར་འགའ་ཞིག》 ལས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོའི་སྒྲིག་གཞིར་གཉེར་བར་རྒྱབ་སྐྱོར་དང་། མ་དངུལ་བསྡུ་སྒྲིལ་གྱི་སྲིད་ཇུས་དང་། ས་ཞིང་མཁོ་སྤྲོད་སྲིད་ཇུས། ཁྲལ་གླ་གཟིགས་སྐྱོང་སྲིད་ཇུས་དང་། ཁ་གསབ་རྒྱབ་སྐྱོར་སྲིད་ཇུས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་ཞུགས་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་སྐོར་བཏོན་ཡོད།
ད་ལྟའི་གནས་ཚུལ་ནས་བལྟས་ན། 《 བསམ་འཆར་འགའ་ཞིག》 ནང་གི་སྤྱི་ཚོགས་ཀྱི་སྒྲིག་གཞིས་རྒན་གསོའི་སྒྲིག་གཞི་གཉེར་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དང་། ཁ་གསབ་རྒྱབ་སྐྱོར་སྲིད་ཇུས་བཅས་འཐུས་ཚང་དུ་བཏང་ནས་དོན་ཐོག་ཏུ་འབབ་རྒྱུ་དེ་ལ། ད་དུང་ཡང་གཟིགས་སྐྱོང་དང་། ཁ་གསབ་སྤྲོད་རྒྱུ་དང་རྒན་གསོའི་སྒྲིག་གཞིའི་དགོས་མཁོ་དང་སྦྲེལ་ཐུབ་ཀྱི་མེད་པའི་གནད་དོན་འདུག
ཚོང་ལས་དང་སྤྱི་ཚོགས་ཞབས་ཞུའི་རྣམ་གྲངས་གསར་པ་ཐོན་པ་ཚང་མ་འཚར་ལོངས་ཀྱི་དུས་རིམ་ཞིག་དགོས་ཀྱི་རེད། ཡིན་ནའང་ཀྲུང་གོའི་དམངས་གཉེར་རྒན་གསོའི་སྒྲིག་གཞི་ཡི་གསོ་སྐྱོང་དུས་ཡུན་རིང་དྲགས་པ་དེ་ཧ་ཅང་མངོན་གསལ་རེད། གང་ཡིན་ཟེར་ན། ། དུས་ཡུན་རིང་པོའི་ནང་། སྤྱི་པའི་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ཆུ་ཚད་མཐོ་པོ་མེད་པ་དང་། མཁོ་སྤྲོད་མི་འདང་བ་དང་། དམངས་སྲིད་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེ་གོང་དུས་ཡུན་རིང་པོར་དམངས་གཉེར་སྒྲིག་གཞི་འཚར་ལོངས་འབྱུང་བ་རྒྱ་ཡན་དུ་བསྐྱུར་ཏེ། ཚད་ལྡན་དང་གོང་སྤེལ་ཡག་པོ་ཞིག་བཏང་མེད་སྟབས། གྲོང་མིའི་ཁྱིམ་ཚང་གིས་དམངས་གཉེར་རྒན་གསོའི་སྒྲིག་གཞི་ལ་ཤིན་ཏུ་ནས་ཀྱང་ཡིད་ཆེས་མེད་དེ། གཞུང་གཉེར་གྱི་རྒན་གསོའི་སྒྲིག་གཞིའི་མལ་ཁྲི་ལ་དུས་ཡུན་ཅི་ཙམ་རིང་པོར་སྒུག་དགོས་ཀྱང་རུང་གི དམངས་གཉེར་རྦད་དེ་མི་བདམས་པ་ཡིན།
རྒན་གསོའི་ཞབས་ཞུ་དཀོན་པ་ལས་བྱུང་བའི་ཁྲོམ་རའི་གོ་སྐབས་ཤིན་ཏུ་ཆེ་བ་དེ་མཐོང་བ་དང་། ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་སྐུལ་ལྕག་ཐེབས་པས། སྤྱི་ཚོགས་ཀྱི་མ་དངུལ་མང་པོ་དེར་འཇུག་གིན་འདུག་ནའང་། ལས་རིགས་དེའི་སྔོན་ཆད་ཀྱི“གྲགས་པ་ངན་པ”དེའི་འོབས་སུ་ཚུད་ནས་བསྡད་ཡོད་འདུག གནས་ཚུལ་འདི་ལྟ་བུའི་འོག རྒྱལ་ཁབ་ཀྱི་གཙོ་སྐྱོང་སྡེ་ཁག་གིས་སྐུལ་མ་གཏོང་བའི་སྲིད་ཇུས་སྔར་བས་ཇེ་ཆེ་དང་། ཇེ་ཞིབ། ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དགོས་མཁོའི་ཕྱོགས་སུ་སྐུལ་མ་གཏོང་བའི་སྲིད་ཇུས་ཇེ་ལེགས་སུ་གཏོང་དགོས། དཔེར་བླངས་ནས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“ཀྲུང་གོའི་སྐད་སྒྲ”རུ་སྤེལ་བའི་བཅར་འདྲི་དང་ལེན་མཁན་གྱི་གནས་ཚུལ་ལ་བལྟས་ཡོང་ན། 《 བསམ་འཆར་འགའ་ཞིག》 ནང་གི་ས་ཞིང་མཁོ་སྤྲོད་སྲིད་ཇུས་དོན་ཐོག་ཏུ་ཡག་པོ་ཞིག་འཁྱོལ་མེད་ལ། འབྲེལ་ཡོད་ས་གནས་ཀྱིས་དམངས་གཉེར་རྒན་གསོའི་སྒྲིག་གཞིའི་གཉེར་སྐྱོང་མཁན་ལ་ཁང་སའི་བོགས་དངུལ་ཁ་གསབ་སྤྲད་ཡོད་མི་འདུག་ཅིང་། 《 བསམ་འཆར་འགའ་ཞིག》 གི་བླང་བྱ་ལས་བསྟན་པའི་སྨན་བཅོས་སྒྲིག་གཞི་དང་། དམངས་གཉེར་རྒན་གསོའི་སྒྲིག་གཞི་མཐུན་སྦྱོར་མཉམ་ལས་འབྲེལ་ལམ་འཛུགས་རྒྱུའི་སྐོར་ལག་བསྟར་ཧུར་ཐག་ཀྱང་བྱས་མེད་པས། འདི་དག་ཚང་མ་ཡོ་བསྲང་ལེགས་བཅོས་བྱ་རིགས་སོ། །
བཅུ་ཆ་གསུམ་ལས་བརྒལ་བའི་རྒན་གསོའི་སྒྲིག་གཞིར་གྱོང་རེག་ཅིང་། རྒན་གསོའི་སྒྲིག་གཞི་ཆ་སྙོམས་ཕྱེད་ཀ་སྟོང་པར་ལུས་པ་འདི། རྒྱལ་ནང་གི་རྒན་གསོའི་ཞབས་ཞུའི་དགོས་མཁོ་མི་འདང་བ་མིན་པར། ད་ཡོད་ཀྱི་རྒན་གསོའི་སྒྲིག་གཞི་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་དང་མི་སྣ་བཀོད་སྒྲིག་བློ་ལ་ཁེལ་བ་ཞིག་མ་བྱུང་བའི་དབང་གིས། རྒན་གསོའི་ཞབས་ཞུའི་དགོས་མཁོ་ལྡན་པའི་མི་ཚང་གི་ཡིད་རྟོན་ལ་སྐྱོན་བཟོས་པ་ཡིན། རྒན་གསོ་ཞབས་ཞུའི་ཆེད་ལས་ཤེས་ལྡན་མི་སྣ་མི་འདང་བ་ཡང་མཐར་གཏུགས་ནས་བཤད་ན། སྔོན་ནས་བཟུང་འབྲིང་རིམ་ཆེད་ཚན་སློབ་གྲྭར་དེ་དང་ཁ་མཐུན་པའི་ཆེད་ལས་ཅུང་ཉུང་བ་དང་། འབྲེལ་ཡོད་ཀྱི་རྒན་གསོ་ཞབས་ཞུ་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་མི་འདང་བ་ཡིན་ལ། དེ་ལ་ས་ཆ་མང་པོར། རྒན་གསོ་ཞབས་ཞུ་ལས་ཁུངས་སུ་ཕྱིན་ནས་རྒ་རྒས་ལ“ཞབས་ཕྱི”བྱེད་པར་དོན་སྙིང་ངེས་ཅན་ཞིག་གི་ཐད་ནས་སྤྱི་ཚོགས་ཀྱིས་མཐོང་ཆུང་བྱེད་སྟབས། དམངས་གཉེར་རྒན་གསོའི་སྒྲིག་གཞི་ལ་འདིའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་པའི་ནུས་པ་བྲལ་བ་མངོན་སུམ་ལག་མཐོང་རེད།
ཁོ་བོས་འདི་སྙམ་དུ་སེམས་ཏེ། རིམ་པ་ཁག་གི་དམངས་སྲིད་ཐིང་དང་། སློབ་གསོ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད་སོགས་སྡེ་ཚན་གྱིས་རྒན་གསོ་ཞབས་ཞུའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཇུས་ཀྱི་གནད་དོན་ཐད་ཆེད་དོན་བརྟག་ཞིབ་བྱས་ཏེ། གང་མགྱོགས་སྲིད་ཇུས་བཏོན་ནས། སྲིད་གཞུང་གིས་རྒན་གསོ་ཞབས་ཞུ་འབྲེལ་ཡོད་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་མ་གནས་སྲིད་གཞུང་གིས་ཕྲག་ཏུ་ལེན་རྒྱུ་ཁ་གསལ་བཟོ་འོས་ལ། འགན་ནུས་སྡེ་ཁག་གིས་དུས་བཀག་ལྟར་ད་ཡོད་ཀྱི་རྒན་གསོའི་ཞབས་ཞུ་ལས་ཁུངས་ཀྱི་ལས་ཐོག་ལས་བཟོ་བར་སྦྱོང་བརྡར་རེས་མོས་དང་། རྒྱང་ཁྲིད་གསོ་སྦྱོང་། ལས་སྒོའི་མཛུབ་ཁྲིད་སྤེལ་འོས། དེ་དང་ལྷན་དུ། ད་དུང་ངེས་པར་དུ་གཞུང་གཉེར་དམངས་གཉེར་རྒན་གསོའི་སྒྲིག་གཞི་སྣ་ཚོགས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བར་བསྐུལ་ཏེ། དེ་འབྲེལ་གསོ་སྐྱོང་མ་གནས་སྲིད་གཞུང་གིས་གཏོང་རྒྱུ་དང་། གསར་དར་དམངས་གཉེར་རྒན་གསོའི་སྒྲིག་གཞིས་ཚད་ལོན་ནད་གཡོག་ལས་བཟོ་པ་གདན་ཞུ་བྱས་པའི་སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་འབབ་མཁོ་འདོན་སོགས་ཀྱི་གྲོན་དངུལ་ཁ་གསབ་སྤྲོད་རྒྱུ་དང་། ཡུན་རིང་རྒན་གསོ་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་གཞི་རིགས་ཁག་ཏུ་ལས་ཀ་གཉེར་བའི་ལས་བཟོར་བྱ་དགའ་སྤྲོད་པ་སྲིད་གཞུང་གིས་འགན་ཕྲག་ཏུ་བླངས་ན་འོས་སོ། །(རྩོམ་འགན་པ། རྟ་མགྲིན)