བརྩམས་དེབ་ཀྱི་སྐོར།
དེའི་རྗེས་སུ་ཁོང《དུས་བབ་བདུན་དེབ》ཀྱི་ཟུར་དེབ་ཀྱི་སྒྲིག་གཙོ་མིན་ནའང་། ཁོང་གི་རྣོ་དབལ་ལྡན་པའི་རྩོམ་ཡིག་རྣམས་འཇར་མན་གྱི་ཤེས་ཡོན་པའི་ཚངས་ཐིག་ལྟ་བུའི་ཚགས་དེབ་དེའི་ངོས་སུ་ཟམ་མ་ཆད་པར་བཀོད། དེ་དང་ཆབས་ཅིག་ཁོང་གི་བརྩམས་ཆོས་སྔ་གཞུག་ཏུ་པར་སྐྲུན་བྱས་པ་ལ། 《ཧེ་ནེའི་མཛད་རྣམ》དང་། 《ཐི་ཧོ་སི་ཁིའི་མཛད་རྣམ》《ལོ་ཁ་ཆིའི་མཛད་རྣམ》《མར་ཁེ་སིའི་མཛད་རྣམ》 བརྩམས་སྒྲུང《སྤྲིན་འཐུང་མཁན》སོགས་ཡོད་ཅིང་། ༢༠༠༣ལོར། ཁོང་གིས་རང་གི་མི་ཚེའི་དྲན་ཐོ《ཟིང་ཆ་སློང་བའི་སྐྱེ་བོ》ཞེས་པ་པར་དུ་བསྐྲུན་ཅིང་དེར་གཞན་གྱིས་ཐོས་ན་སྐྱི་གཡའ་བར་བྱེད་པའི་འདས་དོན་མང་པོ་ཞིག་སྦ་གསང་མེད་པར་བྲིས་ཡོད་པས་འཇར་མན་གྱི་རྩོམ་སྟེགས་ཉིད་འུར་ཆི་ལེར་བཏང་། ཏག་ཏག་དྲན་ཐོ་དེ་རུ་ཁོང་གི་གཅུགས་གྲོགས་གྷ་ར་སེའི་གསང་བ་དག་ཀྱང་སྒོར་ཕྱུང་ཡོད་པས་ཁོང་གཉིས་ཀྱི་བགྲང་བྱ་མང་པོའི་རིང་གི་མཛའ་བརྩེ་ལའང་བཞི་ཤད་འཇོག་དགོས་བྱུང་། མི་ཚེ་གང་བོའི་ནང་ཁོང་གི་བརྩམས་དེབ་པར་དུ་བསྐྲུན་པ་ལ་བཞི་བཅུར་ཉེ་བ་ཞིག་ཡོད་ལ། དེའི་ནང་ན་རྩོམ་རིག་དཔྱད་བརྗོད་དང་། སྐྱེས་བུ་གཞན་གྱི་མཛད་རྣམ། དེབ་བྲིན་པོ་སོགས་ཅི་རིགས་ཡོད། དེ་བས་ཁོང་གི་བརྩམས་ཆོས་ཀྱི་ནང་དོན་ཕུན་སུམས་ཚོགས་པ་དང་། ཁོང་ནི་དེབ་འབོར་ཆེན་རྩོམ་མཁན་ཞིག་ཏུ་ངོས་འཛིན་ཆོག
༢༠༡༠ལོར། ཁོང་གིས་《ཝ་དྷ་ཚིའི་ཉིན་ཐོ》ཞེས་པའི་དེབ་ཅིག་ཀྱང་པར་སྐྲུན་མཛད། དེབ་དེ་ནི་མངོན་སུམ་དང་རྟོག་བཏགས་གཉིས་རྐྱ་འཐབ་པར་བྱས་ཏེ་བྲིས་པ་ཞིག་རེད། དེབ་དེའི་ནང་དུ། ཁོང་གིས་རང་ཉིད་དང་ལུས་འབྲེལ་བྱུང་བའི་སྐྱེས་ཕོ་ཆིག་སྟོང་ཡོད་པ་དང་། བུད་མེད་ཉི་ཤུ་ཡོད་པ། དེའི་ནང་གི་བུད་མེད་གཉིས་ལ་མངལ་སྦྲུམ་མྱོང་ནའང་ཁོང་ནི་ཕྲུ་གུ་བཙའ་བར་མི་འཐད་པས་བཙར་མ་བཅུག་པ་སོགས་བྲིས་ཡོད། ཕྱིས་སུ། ཁོང་དགུང་ལོ་༨༡ལ་སོན་སྐབས། དོན་དེའི་སྐོར་ལ་འགྱོད་སེམས་བསྟན་ཡོད་དེ། “དོན་དངོས་སུ་ང་རང་ཨ་ཕ་ཞིག་ཏུ་འགྱུར་རུང་ཡིན་མོད། དེ་ལྟར་མ་བྱུང་བས་དེ་ནི་ཚེ་སྲོག་ལ་གཅེས་སྤྲས་མ་བྱས་པ་ཉིད་དུ་ཟད”ཅེས་གསུང་མྱོང་།
ཝ་དྷ་ཚེའི་སྨྱོ་སྤྱོད་ཀྱི་ནང་དོན་དང་ལྡན་ཅིང་ཁ་རི་ཁ་ཐུག་གི་མི་ཚེའི་དྲན་ཐོ་ཡིས་འཇར་མན་གྱི་ཤེས་ཡོན་པའི་སྡེ་རུ་གྲགས་འགུལ་ཆེན་པོ་བཟོས། འགའ་ཞིག་གིས་དེས་ཡིད་སེམས་ཀུན་ནས་འདྲེན་ཅིང་བསླུ་བར་བྱེད་ཟེར་ལ་ཡང་འགའ་རེས་དེ་ནི་ཚུལ་མིན་གྱི་སྤྱོད་པ་འགའ་ཞིག་གིས་བཀང་བས་བཀླག་ཏུ་མི་བཏུབ་ཟེར།
རྒས་པས་ཁུར་གྱིས་མནར་ཅིང་། མི་འདོད་ནད་ཀྱིས་ཀུན་ནས་གཙེས་པས། ཝ་དྷ་ཚིའི་འཇིག་རྟེན་ནས་མུ་མཐུད་དུ་འཚོ་བའི་འདུན་པ་རིམ་བཞིན་ཉམས་པར་གྱུར། ༢༠༡༤ལོའི་ཟླ་དགུ་བར། ཁོང་གིས་རྩོམ་པ་པོའི་དཔུང་སྡེ་ནས་བུད་པ་ཀུན་ལ་བསྒྲགས་ཤིང་།
༢༠༡༥ལོའི་ཟླ་༢པའི་ཚེས་༢༦ཉིན། ཁོང་སི་ཝེ་ཙིར་ལན་ཊིའི་གྲོང་ཁྱེར་ཟོ་རེ་ཁི(Zurich)ནས་ལྕེབས་ཏེ་འཇིག་རྟེན་འདི་དང་གཏན་དུ་གྱེས་ལ། གོང་དུ་གླེང་བ་བཞིན་དེའི་ཕྱི་ཉིན་ནི་ཁོང་གི་ཆེས་མཐའ་མའི་བརྩམས་དེབ་འགྲེམ་སྤེལ་བྱེད་པའི་ཉིན་མོ་རེད།
ཁོང་གི་བརྩམས་དེབ་རྗེས་མ་ནི་ཝོ་འོལ་ཐི(Rowohlt)རྩོམ་སྒྲིག་ཁང་དུ་ལས་ཀ་སྒྲུབ་སྐབས་ཀྱི་དྲན་ཐོ་ཡིན་པ་དང་། མིང་ལ《མི་ཧྲེང་གི་འཚོ་བ》ཟེར། དེ་ནི་སྐྱེ་ཕོ་གཉིས་ཕན་ཚུན་ཆགས་ཤིང་འདྲིས་པའི་སྐྱོ་སྡུག་གི་གཏམ་རྒྱུད་ཅིག་རེད། དེ་རུ“གཅིག་ནི་ཅིག་ཤོས་དེ་ལ་ཆགས་ཤིང་འདྲིས་པར་གྱུར་ལ། ཕན་ཚུན་འབྲལ་བར་མི་བཏུབ། འོན་ཏེ་ཕན་ཚུན་ལ་འཚེ་ཞིང་གནོད་པར་བྱེད་པས་སྡུག་བསྔལ་གྱིས་ཀུན་ནས་མནར་ཅིང་སོ་སོར་གྱེས། དེ་ལྟ་ནའང་ཁོང་གཉིས་སུས་ཀྱང་རང་ཉིད་མུན་པའི་དོང་དུ་འདྲེན་པར་བྱས་པའི་བརྩེ་དུང་དེ་བརྗེད་མི་སྲིད”ཅེས་བྲིས་ཡོད།
ཝ་དྷ་ཚིའི《དུས་བབ་བདུན་དེབ》ཀྱི་ལས་གྲོགས་ཚོས་ཁོང་གི་སྐོར་ལ་རྗེས་དྲན་གྱི་རྩོམ་ཡིག་བྲིས་པའི་ནང་དུ“ཁོང་ནི་དུས་སྐབས་དེའི་ཆེས་མཆོག་ཏུ་གྱུར་བའི་ཟུར་དེབ་ཀྱི་གཙོ་སྒྲིག་པ་ཞིག་ཡིན། གཤིས་རྒྱུད་དྲང་ལ་འཆར་སྒོ་མྱུར། འཁོན་ཅིང་རྩོད་པར་བྱ་བ་ལ་རབ་ཏུ་མོས། སྤྱོད་པར་ཆ་འཇོག་མེད། གཟབ་ཉམས་དང་ལྡན་ཅིང་དགའ་ཕྱོགས་ནི་དམིགས་བསལ་བ་ཉིད། རང་རྩིས་ཆེ། འོན་ཀྱང་དེ་དག་ལས་མངོན་པའི་གཏམ་འདོད་ཚ་བོ་དག་ནི་ཁོང་གི་ཞན་ཆ་མ་ཡིན་པར་ཁོང་ཉིད་གཞན་ལས་སྟོབས་ལྡན་དུ་འགྱུར་བའི་རྐྱེན་དུ་གྱུར་ཡོད། ཁོང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ཞིག་དང་། འཆལ་བོ་ཞིག བུད་མེད་ལ་དགའ་ཞིང་སྐྱེས་པར་འཇུག་མཁན་ཞིག རྩོད་པར་མཁས་ཤིང་གཞན་ལ་འགྲན་སློང་མཁན་ཞིག།སྤམ་རྫུ་སྟོན་ཡང་གཟབ་ཉམས་ཀྱིས་ཀུན་ནས་ཕྱུག་པའི་སྐྱེ་བོ་ཞིག་ཡིན”ཞེས་བྲིས་འདུག
ཁོང་སྐུ་གཤེགས་ཁའི་དུས་སྐབས་དེར། ཁོང་གིས་དབུགས་མདོངས་བཅུ་གཉིས་ཅན་གྱི་ཕོར་ཤཱི[Porscheའཇར་མན་གྱི་མོ་ཊ་གྲགས་ཅན་ཞིག་སྟེ། དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བའི་དུས་ཀྱི་ཇུས་འགོད་མཁན་པོ་ཕོར་ཤཱིས་ཇུས་འགོད་བྱས་པས་མིང་ཡང་དེ་ལྟར་གྲགས།]ཞིག་བཏང་སྟེ་ཕྱི་ལ་སྨན་ཉོ་རུ་འགྲོ་བཞིན་ཡོད་པ་ཀུན་གྱིས་མཐོང་།
སྤྱོད་ལམ་དང་གཤིས་ཁམས་ལ་དང་དོད་བྱེད་པ།
ཝ་དྷ་ཚི་ལགས་ཀྱིས་བསམ་ན། སུ་དང་གང་ཞིག་ཡིན་རུང་སྐྱེ་བོ་གཞན་ལ་འབྲེལ་ལམ་འཛུགས་དུས་ཆ་ལུགས་གཙང་མར་བྱ་བ་དང་སྤྱོད་ལམ་ལ་དང་དོད་བྱ་དགོས་པ་དང་། དེང་གི་སྐྱེ་བོ་མང་པོ་ཞིག་གི་སྤྱོད་པ་ནི་ཤིན་ཏུ་རྫོབ་ཅིང་རྩུབ་པས་ཁོ་ཚོས་སྤྱི་མཐུན་གྱི་གུས་ལུགས་བསྐྱང་མི་ཤེས་པར་འདོད། ཝ་དྷ་ཚིས་ཆ་ལུགས་དང་སྤྱོད་ལམ་ལ་དང་དོད་ཆེན་པོ་བྱ་ཞིང་། ལྷག་པར་དུ་གསོལ་ཚིགས་ལ་རོལ་དུས་ཀྱི་གུས་ལུགས་ལ་ཤིན་ཏུ་གཟབ་པར་བྱེད། ཁོང་གི་གུས་ལུགས་སྐྱོང་སྟངས་དེ་ནི་འཇར་མན་གྱི་གནའ་བོའི་སྐུ་དྲག་གི་གུས་ལུགས་ཀྱི་རྒྱུན་བཟུང་བ་ཉིད་དོ།། དེ་བས་ཁོང་གི་དེ་སྔའི་གྲོགས་པོ་གྷུན་ཐ•གྷ་ར་སེ(Günter Grass)ལགས་ཀྱིས་ཁོང་གི་བུ་མོ་གཉིས་ཀར་ཝ་དྷ་ཚིས་གུས་ལུགས་སྐྱོང་ཚུལ་སློབ་པའི་རེ་བའང་ཞུས་མྱོང་།
༡༩༨༠ལོར་ཝ་དྷ་ཚི(གཡས་ཀྱི་དང་པོ)རྩོམ་མཁན་གཞན་དག་དང་མཉམ་དུ་འདུ་ཚོགས་ལ་ཞུགས་པའི་ཚུལ།
ཝ་དྷ་ཚིས་དྲན་ཐོ་རུ་འདི་ལྟར་བྲིས་ཡོད་དེ། ཧན་བྷིར་ཀིར་གྱི“དུས་བཞིའི་མགྲོན་ཁང”ཞིག་གི་གསོལ་ཁང་དུ། མགྲོན་པོ་འགའ་ཞིག་གིས་ལྕེ་ཡིས་གསོལ་གྲི་ལྡག་པར་བྱེད་པ་དང་། ཡང་ན་ལག་པ་གཡོན་པས་གསོལ་གྲི་འཛིན་པར་བྱེད་ཅིང་དེ་ཉིད་མཐོ་རུ་བཏེགས་པའི་ཚེ་ན་རྒྱལ་དར་ཅིག་དང་འདྲ། སྐབས་དེར་ངས་ནི་དུས་ངེས་མེད་དུ་སྨན་ཁང་ལ་ཁ་པར་གཏོང་རྩིས་བྱས་པ་ཡིན། རྒྱུ་མཚན་ནི་མི་དེ་ཚོས་གསོལ་གྲིས་རང་གི་ལྕེ་གཅོད་སྲིད་པ་འདྲ།
དགོང་ཚིགས་ཀྱི་དུས་ལ་བསླེབས་དུས། གལ་སྲིད་གསོལ་ཁང་ལེགས་པོའི་ནང་དུ་མ་སོང་པར་གནམ་གཤིས་ཀྱང་ལེགས་ཚེ་ཝ་དྷ་ཚི་ལགས་ཀྱིས་ཁོང་རང་གི་ཁྱིམ་མམ་ཡང་ན་མེ་ཏོག་ལྡུམ་ར་ནས་གསོལ་ཚིགས་བཞེས་པ་རེད། ཁོང་གིས་གསར་འགོད་པར་གསུང་བ་ལྟར་ན། གལ་སྲིད་གསོལ་ཚིགས་མཆོད་མཁན་ལ་ཁོང་གཅིག་པུ་ལས་མེད་ཀྱང་། ཁོང་གིས་ཆ་ལུགས་བརྗེ་སྲིད་པར་མ་ཟད། གསོལ་ཅོག་གི་སྟེང་ལ་མེ་ཏོག་ཆུན་པོ་ཞིག་དང་ལཱ་སྒྲོན་ཞིག་འཇོག་ཅིང་། གནའ་རབས་ཀྱི་རོལ་མོ་ཞིག་ཀྱང་གྲགས་སུ་འཇུག་པ་རེད། དེ་ལྟ་ནའང་ཁོང་གིས་རང་ཉིད་ནི་ལོ་ན་བགྲེས་པའི་མི་དྲག་ཅིག་དང་སྲོལ་རྒྱུན་པ་ཞིག་ཡིན་པས་སྔོན་གྱི་གུས་ལུགས་ཀྱི་རྒྱུན་བསྐྱངས་པ་ཙམ་དུ་ཟད་ཀྱི་ཁོང་རང་གི་སྤྱོད་ལམ་དེ་འདྲ་གཞན་པས་ཅིས་ཀྱང་བསྲུང་དགོས་ཟེར་བ་མིན་ཞེས་གསུང་།
ཁོང་གིས་སྤྱོད་ལམ་ཡག་པོ་དང་གཤིས་ཁམས་ཀྱི་འབྲེལ་བ་བཤད་དུས། སྒྱུ་རྩལ་གྱི་གཤིས་ཁམས་ནི་ཚད་ཅུང་མཐོ་བ་ཞིག་སྟེ། གཤིས་ཁམས་ལ་བརྟེན་ནས་ངེད་ཅག་གིས་ཕ་བྷོལ་པེ་ཀ་ཟོ(Pablo Picasso)ནི་སྒྱུ་རྩལ་བ་ཞིག་ཡིན་པ་དང་། དྷེ་མེ་ཨན་ཧིར་སི་ཐི(Damien Hirst)ནི་སྒྱུ་རྩལ་བ་ཞིག་མིན་པ་ཤེས་ཐུབ་ཟེར། ཝ་དྷ་ཚིས་དཔྱད་ན། ཧིར་སི་ཐིའི་ཁྲག་མདངས་ཆེ་ཞིང་ཤིན་ཏུ་མི་སྡུག་པའི་སྲོག་ཆགས་ཀྱི་བེམ་རོ་དེ་དག་ནི་སྒྱུ་རྩལ་གྱི་གཞལ་ཡས་ཁང་ཆེན་དག་ཏུ་བཤམས་རིན་མེད་པ་རེད། དེ་བཞིན་དུ། རྩོམ་རིག་གི་ངོས་ནས་བཤད་ནའང་། ལོ་རབས་དགུ་བཅུ་བའི་སྐབས་སུ་སྐྱེས་པའི་གཞོན་ནུ་མ་ཧིལ་གུ་མན(Helene Hegemann)ལྟ་བུའང་རྩོམ་པ་པོའི་ཆོ་ལོས་བརྒྱན་ན་མི་འོས་པ་རེད།
སྙན་ངག་གི་གཤིས་ཁམས་སམ་སྙན་རོའི་སྐོར་ནས་ཀྱང་། ཝ་དྷ་ཚི་ལ་ཁོང་རང་གི་ཐུན་མོང་མ་ཡིན་པའི་ཚད་ཐིག་ཡོད་པ་རེད། ལོ་ངོ་གསུམ་གྱི་སྔོན་དུ། ཁོང་གི་དེ་སྔའི་གྲོགས་པོ་གྷུན་ཐ•གྷ་ར་སེས་ཨེ་ཟི་རེལ་རྒྱལ་ཁབ་ལ་རྒོལ་བའི་སྙན་ངག《ཅིས་ཀྱང་གཏམ་ཞིག་ལབ་པར་བྱ》ཞེས་པ་བྲིས་རྗེས། སྙན་ངག་དེ་ཝ་དྷ་ཚིའི་བློ་ལ་ཤིན་ཏུ་མ་བབ་པར། ཀུན་གྱི་མདུན་ནས་འདི་ལྟར་དཔྱད་པ་བཏང་ཡོད། “ངའི་སྔོན་གྱི་གྲོགས་པོ་དེའི་སྒྱུ་རྩལ་ཕྱོགས་ཀྱི་རོ་ཙ་ནི་ད་ལྟ་ཉམས་འདུག དེ་ལྟ་ནའང་ཁོས་ཅིའི་ཕྱིར་ངག་བསྡམས་མི་ཤེས་པ་ཅི་ཡིན་ནམ། ཁོའི་དེང་གི་སྙན་ངག་ནི་ངའི་སྣང་ངོར་སྤྱི་གླིང་ན་མཚན་མཐུན་པ་རྒས་འཁོགས་ཤིག་གིས་ཇི་ལྟར་འབད་པ་ཆེན་པོས་ཁོག་སྨད་སྒུལ་བཟོ་སྟོན་ནའང་། འོག་གི་དེ་ནི་ཅུང་ཙམ་མཁྲེགས་པོར་མི་འགྱུར་ཅིང་ཡང་ན་མཁྲེགས་པོར་འགྱུར་ལ་ཉེ་བའི་དུས་སུ་ཞེ་མེར་བྱེད་ཀྱི་ཁུ་བ་ཐིགས་པ་འགའ་ཤོར་བ་དང་འདྲའོ”
ཁོང་གིས་བསམ་ན། སྤྱོད་ལམ་ཡག་པོ་དང་གཤིས་ཁམས་གང་ཞིག་ཡིན་ནའང་དེ་ནི་སློབ་གསོར་འབྲེལ་བ་ཡོད་པས་མི་རྣམས་ལ་བྱིས་པའི་དུས་ནས་བཟུང་བཙན་གྱིས་སློབ་གསོ་གཏང་དགོས། གནས་བབས་དང་ཁོར་ཡུག་ག་འདྲ་ཡིན་ནའང་། སུས་ཀྱང་ངེས་པར་དུ་སྤྱོད་ལམ་ཡག་པོ་དང་གཤིས་ཁམས་ལ་དང་དོད་བྱ་དགོས་ཤིང་དེའི་དགོས་པ་སེམས་ལ་གསལ་པོར་ངེས་རྗེས་ད་གཟོད་དེ་ལ་བསླབ་ཐུབ། ཡིན་ནའང་། དེང་འདིར་བརྙན་འཕྲིན་གྱིས་མི་རྣམས་ཀྱི་མིག་མདུན་དུ་སྟོན་པ་ནི་སྐྱི་གཡའ་བའི་ལེ་ཚན་ཁོ་ན་ཡིན་ཞིང་དེ་ཡིས་ཤེས་པ་འཆལ་ཅིང་རིག་པ་རྡིབ་པར་བྱེད་པས་མི་རྣམས་ནི་གཤིས་ཁམས་མེད་པའི་འཚོ་བར་གོམས་སུ་འཇུག་པར་འདོད།
སྤྱོད་ལམ་ཡག་པོའི་སྐོར་གླེང་དུས། ཁོང་གིས་ལེགས་སྐྱེས་འབུལ་བ་དེའང་སོ་སོའི་ཐོབ་ཐང་དང་འབྲེལ་བ་ཆེ་བར་འདོད། ཁོང་དང་འབྱོར་ལྡན་མ་ལྕམ་ཧིན་ཁུར་གཉིས་ཀྱིས་བགྲང་བྱ་བཞི་བཅུའི་ལྷག་གི་མཛའ་བརྩེའི་རྒྱུན་བསྐྱངས་ནའང་། ཐེངས་ཤིག་ཝ་དྷ་ཚི་ཁང་པ་གསར་བར་སྤོ་དུས། ལྕམ་ཧིན་ཁུར་གྱིས་ཁོང་ལ་ཟས་སྣོད་དང་གསོལ་ཆས་འབྱིད་བྱེད་ཀྱི་ལག་ཕྱིས་གཉིས་སྟེར་བས། ཝ་དྷ་ཚིས་ལྕམ་ཧིན་ཁུར་ཉིད་གུས་ལུགས་མེད་པ་ཞིག་ཏུ་བསམ་སྟེ་དེ་ནས་བཟུང་ཁོང་གཉིས་ཀྱི་འབྲེལ་ལམ་བཅད་པར་གྱུར།
ཁོང་གིས་དེའི་སྐོར་གསར་འགོད་པར་གླེང་དུས། འབྱོར་ལྡན་མ་ཞིག་གིས་དེ་ལྟ་བུའི་ལག་སྐྱེས་ཤིག་མོ་རང་གི་གཡོག་མོར་སྟེར་བ་ལས་བགྲང་བྱ་མང་པོའི་རིང་ལ་འབྲེལ་ལམ་བཙུགས་པའི་མི་དྲག་ཅིག་ལ་སྟེར་ག་ལ་རུང་། གལ་སྲིད་མོས་ལེགས་སྐྱེས་སྟེར་ས་དེ་གསར་འགོད་པ་དབུལ་བོ་ཞིག་ཡིན་ལ། ལེགས་སྐྱེས་ནི་ཁ་ཕྱེ་ཟིན་པའི་ཝོ་ཐི་ཀ་ཤེལ་དམ་གང་ཡིན་ནའང་མོས་སྤྲོ་བ་དང་བཅས་ཁོ་ལ་ཆང་དེ་ཚར་བའི་བར་དུ་འཐུང་རོགས་བྱ་དགོས་ཞེས་སྨྲས།
ཝ་དྷ་ཚིས་འཇར་མན་གྱི་སྲིད་སྐྱོང་ཟུར་བ་ཧེལ་མུད་ཐྲི་མི་ཁྲི་[Helmut Schmidtའཇར་མན་གྱི་སྤྱི་ཚོགས་དམངས་གཙོ་སྐྱིད་སྡུག་གི་ཆབ་སྲིད་པ་ཞིག་སྟེ། ༡༩༦༧ལོ་ནས་༡༩༦༩ལོའི་བར་དུ་སྐྱིད་སྡུག་དེའི་དབུ་ཁྲིད་བྱས་ཤིང་།༡༩༧༤ལོ་ནས་༡༩༨༢ལོའི་བར་དུ་འཇར་མན་ནུབ་མའི་སྲིད་སྐྱོང་དུ་བཞུགས]ལའང་མི་འཐད་པའི་རྣམ་འགྱུར་བསྟན། ཁོང་གིས་ཐྲི་མི་ཁྲི་ནི་སྨད་འོས་པ་ཞིག་སྟེ། ཁོས་ཀུན་གྱི་མདུན་གྱིས་ཚུལ་འཆོས་ཀྱི་བརྟུལ་ཞུགས་འབའ་ཞིག་འཆང་འདུག་ཟེར། ཝ་དྷ་ཚིས་མུ་མཐུད་དུ། ཁོས་ཕྱི་ཚུལ་ནས་སྲན་ཁུ་འཐུང་ཁུལ་བྱེད་ཀྱང་ལྐོག་ཏུ་རོགས་དངུལ་ལས་ཐོབ་པའི་རྒུན་ཆང་འཐུང་བ་དང་། གམ་གྱི་སྐུ་སྲུང་བ་དག་ལའང་རང་གི་བྲན་གཡོག་ཡིན་པ་བཞིན་སྡིགས་དམོད་གཏོང་བར་བྱེད། སྐུ་སྲུང་བ་ཁོ་ཚོའང་དོན་དུ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་རེད། དེས་ན་ཐྲི་མི་ཁྲི་ཁོ་རང་སྐུ་སྲུང་བ་དེ་ཚོ་ལས་མཆོག་ཏུ་གྱུར་བ་ཞིག་ཡིན་ནམ། དེ་ནི་སྤྱོད་ལམ་གྱི་གནད་དོན་ཆེན་པོ་ཞིག་རེད་ཅེས་སྨྲས།
རྒ་བའི་ཁུར་གྱིས་ནོན་དུས། ཁོང་ནི་འཚོ་ཞིང་གཞེས་པར་འཚེར་སྣང་སྐྱེ་བཞིན་བསྡད།
ཚེ་མཇུག་གི་དུས་སུ། ཁོང་གིས“ད་ནི་སེམས་སྐྱིད་པར་བྱེད་པའི་དོན་ཡག་པོ་གང་ཡང་མི་འདུག རྒ་བའི་ཁུར་གྱིས་ནོན་པ་ནི་གཤེད་མ་བསླེབས་པ་དང་འདྲའོ”ཞེས་གསུང་།
ངོ་མ། ཁོང་ནི་འཚོ་ཞིང་གཞེས་པར་འཚེར་སྣང་སྐྱེ་བཞིན་པ་བསྙོན་དུ་མེད་དེ། ཁོང་གིས་གསར་འགོད་པའི་སྙན་ལམ་དུ་རྒོད་དྷེས་ལོ་ན་བགྲེས་དུས་སུ་བྲིས་པའི་སྙན་ངག་ཅིག་སྟེ། “ཐམས་ཅད་བདག་ལ་གུས་ཤིང་འདུད་ནའང་། བདག་གི་ཡིད་ནི་ཀུན་ཏུ་འཚིག་པར་བྱས”ཞེས་བློར་འདོན་པར་བྱེད།
༢༠༡༢ལོའི་ཟླ་༡༢པའི་ཚེས་༣༡གི་ཉིན་མོ་ནས་བརྩམས་ཏེ། ཝ་དྷ་ཚིས་ཉིན་ཐོ་འབྲི་མཚམས་བཞག་པ་དང་། ཁོང་གིས་གསར་འགོད་པར“ད་ནི་ངས་ཁེར་བཤད་ཀྱི་གར་ཞིག་འཁྲབ་པ་ལས་མ་འདས། མི་རང་གི་མེ་ལོང་དང་འགྱོད་བཤགས་ཀྱི་ཟིན་ཐོ་ཡིན་པའི་ཆ་ནས་ཉིན་ཐོ་བྲི་བའི་དགོས་པ་མི་འདུག ངས་རང་གི་ཟུར་ངོས་ཐམས་ཅད་དེ་རྫུན་བཤད་དོ་ཅོག་དང་ཚུལ་འཆོས་ཡོད་དོ་ཅོག་ཁོང་དུ་ཆུད་ཡོད”ཟེར།
ཝ་དྷ་ཚིས་རྒ་བ་དང་འཆི་བའི་སྐོར་གླེང་བཞིན་པ། སྙན་ངག་པ་ཁོར་ཐི་ཧོ་སི་ཁིས(Kurt Tucholsky)ཀྱིས“འཇམ་ཐང་ངེར་ཡོད་ནའང་། ཧྲེང་བོར་ལུས་མེད”ཅེས་བྲིས་ཡོད་པ་བཞིན་ཝ་དྷ་ཚིས་བགྲང་བྱ་སུམ་ཅུའི་སྔོན་ནས་བཟུང་མིང་ལ་གྷིར་ཏི་ཟེར་ཅིང་ཁོང་ལས་ལོ་བཅོ་ལྔ་ཡིས་ཆུང་བའི་གསར་བུ་ཞིག་ངོ་ཤེས་པ་རེད། ཁོང་གཉིས་ཀྱིས་མཉམ་དུ་ལོ་བཅུ་གསུམ་ལ་འཚོ་བ་རོལ་བ་དང་། རྗེས་སུ་གཉེན་སྒྲིག་གི་འགྲོ་ལུགས་བསྒྲུབས། ཏག་ཏག་སྐབས་དེ་ནི་འཇར་མན་ནས་མཚན་མཐུན་པས་གཉེན་སྒྲིག་ཆོག་པའི་ཁྲིམས་གསར་དུ་ལག་བསྟར་བྱེད་པའི་སྐབས་དང་འཁེལ་ཡོད། དེ་ལྟ་ནའང་ཁོང་གཉིས་ཀྱིས་ཁང་པ་གཅིག་གི་ནང་ནས་མཉམ་ཟ་མཉམ་འདུག་བྱས་མེད། ཝ་དྷ་ཚི་རྒ་བས་ཁུར་གྱིས་ནོན་དུས་ཀྱང་གྷིར་ཏི་ཁང་པ་གཞན་ཞིག་གི་ནང་དུ་བསྡད་ཡོད་པ་དང་། ཁོས་ཉི་མ་རེ་རེ་བཞིན་ཝ་དྷ་ཚིའི་གམ་དུ་ཡོང་སྟེ་ཞོགས་ཟས་བསྒྲིགས་པ་དང་། དེ་ནས་སྨན་ཁང་དུ་སྨན་ལེན་དུ་འགྲོ་བ་། སྦྲག་ཁང་དུ་ཡི་གེ་སྐུར་བ། ཚོང་ཁང་དུ་སོང་ནས་ཟས་དང་ཉེར་མཁོ་ཉོ་བ་སོགས་བྱེད་ཀྱིན་ཡོད།
ཝ་དྷ་ཚིས་ཁོང་རང་གི་ལོ་ན་བགྲེས་དུས་ཀྱི་འཚོ་བ་ནི་འདི་ལྟར་མཚོན་ཡོད་དེ“སྐྱོ་ཤས་ཆེ་ཞིང་། བམ་དྲི་བྲོ། སེམས་ངལ་ཅིང་། འཚོ་བ་ལ་ཞེ་མེར། སུན་སྣང་སྐྱེ། ཡི་མུག་པ་ལ་མཚམས་མེད་ཅིང་བསམ་གཞིགས་ཐམས་ཅད་ངལ་བ་འབྲས་མེད་དུ་ཟད། དུས་མཐར་བསླེབས་པའི་ཚོར་བ་འབྱུང་ཞིང་། འཆི་བ་ལ་ཞེད། མངོན་སུམ་ཐམས་ཅད་ཁྱད་དུ་གསོད་ཅིང་། གང་གིས་ཀྱང་སེམས་ནི་བྲོད་པར་མི་བྱེད། ཅི་ཡང་མེད་ཅིང་རྒྱུན་ཆད་པའི་སྣང་བ་འཆར། སྐྱིད་ཀྱི་ཉི་མ་ནུབ་ཅིང་རྨི་ལམ་ངན་པས་ཡང་ཡང་གཙེ། ལུས་པོ་རྒྱ་ལྕང་བཞིན་འདར་པ་དང་དེ་ལ་སུས་ཀྱང་སྣང་བ་མི་གཡོར། མི་རྣམས་བཀྱེད་ཅིང་མཐུན་པ་དཀའ། མཐོང་ལམ་རབ་རིབ་ཏུ་འགྱུར་ལ་དབང་རྩ་ནད་ཀྱིས་གཡོག། རུས་ཚིགས་གཟེར་ཅིང་ཆུ་བུར་གྱིས་འཛིན། རྨེན་སྐྲན་གྱིས་གཟིར་ཅིང་མདུན་ཆགས་རྨེན་བུས་ཉེན་པར་བྱེད”
དེ་ལྟར་རྒ་བའི་སྡུག་བསྔལ་གྱིས་ཡོངས་སུ་མནར་ནའང་ཁོང་གིས་ཟུག་རྔུ་མེད་པའི་འཆི་ཐབས(Euthanasia)ཀྱི་སྐོར་གླེང་སྐབས། གསར་འགོད་པར་འདི་སྐད་དུ“ན་བ་དང་རྒ་བ་ལ་ནི་སུའང་བྱོལ་དུ་མེད་མོད། འོན་ཀྱང་རྩིས་ཐང་ངེས་ཅན་ཞིག་ཡོད་པ་གཞིར་བྱས་ནས་དེ་ལ་བྱོལ་ཨེ་ཐུབ་བལྟ་ཆོག དཔེར་ན། བདག་གིས་དེ་སྔོན་ཀུན་ལ་གྲགས་པར་བྱས་ཏེ་སྨྲས་པ་ཇི་བཞིན་རང་གི་འཆི་སྐར་རང་གིས་བདམས་ཀྱང་མི་ཆོག་པ་ག་ལ་ཡོད། དེ་འདྲ་བྱུང་ཚེ་དེ་ནི་འཆི་སྟངས་ཡག་པོ་ཞིག་ཏུ་བརྩི་ཆོག དེ་ནི་ཞི་དུལ་དང་ལྷིང་འཇགས་ཀྱི་ངང་དུ་འཆི་བ་ལྟ་བུའི་ཡག་པོ་ཞིག་མིན་ནའང་སྤོབས་པ་ལྡན་པ་དང་། རྩིས་ཐང་ཡོད་པ། གཟབ་ཉམས་ལྡན་པ་བཅས་ཀྱི་ངོས་ནས་བལྟས་ན་ཡག་པ་ཞིག་རེད”
གསོག་དངུལ་གྱིས་འདང་ཚད་ལྟར་འཆི་སྐར་ཀྱང་ཞིབ་མོར་བརྩིས་འདུག
ཝ་དྷ་ཚིས་དུས་སྔ་མོ་ནས་འཆི་བར་སྟ་གོན་བྱས་འདུག མི་ལོ་བཅུ་བཞིའི་སྔོན་སྟེ། ༢༠༠༡ལོའི་ཟླ་༩པའི་ཚེས་༣ཉིན། ནུབ་མཚོ་ཆེན་བྱང་མའི་སྱལ་ཐི་ཟེར་བའི་གླིང་ཕྲན་ཞིག་གི་ཞིང་ར་ཞིག་ནས“ང་རང་གི་ཕོ་ལོ་བདུན་ཅུའི་སྐྱེ་སྐར་ལ། དུར་རྡོ་ཞིག་ཉོས་ཡོད”ཟེར།
༢༠༠༢ལོ་ནས་བཟུང་། ཁོང་གིས་རང་གི་གསོག་དངུལ་གྱིས་བག་མེད་རྒྱས་སྤྲོས་བྱས་ན་ལོ་ཅི་ཙམ་ལ་འདང་བ་གསལ་བོར་བརྩིས་པ་རེད། རྒྱུ་མཚན་ནི་ཁོང་ལ་རང་ཉིད་དགའ་སའི་སྐྱེ་བོ་གང་དེས་གཉོར་སྐྱོང་བྱ་དགོས་པ་དང་དངུལ་ཟད་ཚེ་དེ་ལྟར་ཡོང་མི་སྲིད། བརྩིས་པའི་མཇུག་འབྲས་ལྟར་ན་ད་དུང་ཡང་མི་ལོ་བཅུ་ལ་འདང་བས་ཁོང་གིས་གསར་འགོད་པར། “དེ་ལྟར་བྱས་ཏེ་ལོ་གྱ་གཉིས་ཀྱི་བར་དུ་གསོན་ཐུབ་པས་དེ་ཡིས་མ་ཆོག་པ་མེད། གཅིག་བྱས་ན་འཆར་གཞི་ལས་མང་བའི་དངུལ་བརླག་སྟེ་འཆི་བ་སྔ་མོར་བསླེབ་ཏུ་འཇུག་ཆོག”ཟེར།
༢༠༡༠ལོའི་ཝ་དྷ་ཚི། ད་ལོའི་ཟླ་༢པའི་ཚེས་༢༢ཉིན་ནས་བཟུང་། ཁོང་གིས་སྐྱེ་བོ་གཞན་དང་འཕྲད་མཚམས་བཞག ཁོང་གིས་འཇིག་རྟེན་འདི་ལ་འབྲལ་ཁའི་ལེགས་སྐྱེས་སུ《མི་ཧྲེང་གི་འཚོ་བ》ཞེས་པའི་དེབ་དེ་ཤུལ་ཏུ་བཞག
ཁོང་མ་ལྕེབས་པའི་སྔོན་གྱི་ཉིན་བརྒྱད་པར། ཁོང་གིས《ཧྥ་རན་ཁི་ཧྥུར་ཐྲིའི་མཐོངས་ཡངས་ཚགས་ཤོག》གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། ཁོང་གིས“ང་ནི་ཚེ་སྲོག་གི་གར་མཁན་ཞིག་ཡིན་པ་དང་། མི་ཚེའི་ནང་དུ་དགོད་བྲོ་བ་དང་། ཁྱད་མཚར་བ། གཞན་ལ་མི་བསྟུན་པའི་དོན་མང་པོ་ཞིག་ཡོད་པ་ནི་དེ་ནི་འོབས་དོང་ཞིག་དང་འདྲ་བས་ཡིན། འོན་ཀྱང་ད་ནི་ཡོད་ཚད་ཀྱི་མཇུག་རྫོགས་སོང་། ངས་རང་གི་ཚེ་སྲོག་འདིའི་མོས་པ་ལྟར་འཚོ་བ་རོལ་བ་ཡིན་ལ་སྐབས་འགར་སྤྲོ་དགའ་དཔག་ཏུ་མེད་པ་དང་རེས་འགར་ཅི་ཡང་མེད་པ་ལྟར་འདིའི་རྒྱུན་བསྐྱངས་པ་ཡིན། ད་ནི་ཚེ་མཐར་བསླེབས་སོང་། ཡོད་ཚད་ཀྱི་མཇུག་རྫོགས་སོང”ཟེར། དེ་ནི་ནོར་འཛོལ་གང་ཡང་མེད་པར་འཆི་དུས་གསལ་བོར་བཤད་པ་ཉིད་དུ་ངེས། ཁོང་གིས་ད་དུང“ངས་བཤའ་བཅོས་ཐེངས་སོ་བརྒྱད་པར་བསྒུག་མི་སྲིད། ང་གསོན་འདོན་ཀྱང་། སྟབས་ལེགས་ནས་ཨུ་ཚུགས་ཀྱིས་གསོན་པར་མི་འདོད། རྐང་ལག་རྣམས་རང་དབང་ན་ཡོད་དུས་ཤི་ན་འགྲིག”ཟེར།
རྩོམ་དཔྱད་པའི་དེད་དཔོན་ཝ་དྷ་ཚི་འཇིག་རྟེན་མི་ཡུལ་དང་གྱེས་དུས་དགུང་ལོ་༨༣ཡིན་ནོ།།
(རྩོམ་འདིའི་རྩོམ་པ་པོ་ནི་རེའུ་ཧོའུ芮虎ནི་རྒྱལ་ཁོངས་འཇར་མན་ཡིན་པའི་རྒྱ་མི་མཁས་པ་ཞིག་ཡིན།)(རྩོམ་འགན་པ། རྟ་མགྲིན)