ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

བུད་མེད་རི་མོ་པ་བདེ་སྒྲོན། གཙང་ངོགས་ཀྱི་ལྗོན་ཤིང་།

2015-03-20 ཟླ་བ།

རི་མོ་པ་བདེ་སྒྲོན་གྱིས་བོད་ཀྱི་ལོ་རྒྱུས་གཞི་བྱས་ནས་རི་མོ་འབྲི་བཞིན་པ།
  བདེ་སྒྲོན་ལོ་ན་ཆུང་བའི་དུས་ཀྱི་དུས་ཆེན་ག་གེ་མོ་ཞིག་གི་སྐབས་སུ།    ཁྱིམ་གྱི་རྒན་པ་དག་གིས་མོ་ཁྲིད་ནས་ཀླུ་མཆོད་དུ་ཕྱིན།     ཚང་མ་གཙང་ངོགས་སུ་འབྱོར་བ་དང་།     རྒན་པ་དག་གིས་ཀླུ་མཆོད་ཀྱི་འབུལ་བ་དག་ག་ལེར་ཤག་ཤག་བཞུར་བའི་གཙང་ཆུ་རུ་གཏོར་ཞིང་།    མོས་ནི་སྤྱན་གཉིས་ཟུམ་ཞིང་།    ལག་ཟུང་ཐལ་མོ་སྦྱར་ཏེ་མ་ཎི་ཡིག་དྲུག་བཟླས།    ཅི་ཙམ་ཕྱིན་པ་མ་ཤེས་པར།     བདེ་སྒྲོན་གྱིས་སྟེས་དབང་གི་མིག་གཉིས་ཕྱེ་བར།    གཙང་ངོགས་ཀྱི་ལྗོན་ཤིང་ཞིག་སྟབས་ཀྱིས་མིག་ལམ་དུ་མངོན་པར་གྱུར།    མོ་ན་རེ།   “ཞོགས་པ་དེར།    མོས་ལྗོན་ཤིང་དེ་མཐོང་ནས་ཧ་ལས་སོང་།    དོན་ལ་ངས་སྔོན་ཆད་ཀྱང་ལྗོན་པ་དེ་མཐོང་མྱོང་ལ།    ལྗོན་པ་སྤྱིར་བཏང་བ་ཐ་ན་མིང་ཡང་མི་ཤེས་པ་ཞིག་ཡིན།    མི་འདྲ་ས་གཅིག་པུ་ནི་ལྗོན་ཤིང་དེ་གཞན་ལས་ལོ་འདབ་ཚང་ཚིང་རྒྱས་ཤིང་འཕེལ་བ་ཞིག་རེད།     ཀླུ་མཆོད་ཀྱི་མི་རྣམས་ཀྱིས་གོམས་སྲོལ་བཞིན་ལུག་བལ་ཆུན་པོ་རེ་ལྗོན་ཤིང་གི་ཡལ་ག་རུ་བཏགས་འདུག”
  ཞོགས་པ་དེར་མོས་ལྗོན་ཤིང་དེ་མཐོང་བའི་སྐབས་སུ།    ཉི་མའི་འོད་ཟེར་ལྗོན་ཤིང་གི་རྩ་བ་དང་།    ཡལ་ག    ལོ་འདབ།    ལུག་བལ་ཆུན་པོ་ཡི་སྟེང་དུ་འཕྲོས་ཏེ།     མེ་འབར་བ་ནང་བཞིན་གྱི་ཁ་དོག་བགྲང་ལས་འདས་པ་རྣམ་པར་འཚེར་བ་ནི།    ས་སྟེང་གི་མཛེས་པའི་རྨད་དུ་བྱུང་བ་ཐམས་ཅད་ལན་གཅིག་ལ་མིག་སྔར་བསྟན་པ་ནང་བཞིན།     སྐབས་དེར།    “ཉམས་དེ་ཤིན་ཏུ་མཛེས་ཆེ་ནས།    སེམས་ཀྱི་དྲན་པ་ཡོད་ཚད་ཀྱང་སྐད་ཅིག་ལ་མེད་པར་གྱུར་སོང་།”

བདེ་སྒྲོན་གྱི་རི་མོ།   གསོལ་འདེབས།
  བུ་མོ་ཕལ་པ་ཀུན་དང་འདྲ་བར།    བདེ་སྒྲོན་གྱིས་ཀྱང་སློབ་ཆུང་དང་།    སློབ་འབྲིང་འགྲིམ་སྟེ།    རྗེས་མར་ལས་ཀ་ཡག་པོ་ཞིག་འཚོལ་རྒྱུར་ཕན་པའི་སློབ་གྲྭ་ཆེན་མོར་འགྲིམ་ལ་ཉེ་དུས།     ལས་ཀྱི་དབང་དུ་གྱུར་ནས་གྲོགས་མོ་ཞིག་གིས་མོ་ལ་བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སྡེ་ཁག་གི་སློབ་མ་བསྡུ་བཞིན་པའི་བརྡ་བཤད།     “མོས་ང་ལ།    ཁྱེད་ཀྱི་རི་མོ་འབྲི་ཤེས་པ་མིན་ནམ།    ཚོད་ལྟ་ཞིག་བྱོས་ཟེར་བས།     ངས་ཀྱང་བསམ་བློ་ཞིབ་མོ་མ་འཁོར་བར་ཕ་མ་གཉིས་ལ་དེ་ལྟར་རང་དགར་བཤད་མོད།    པ་ལགས་ཀྱིས་དོན་དེ་སེམས་ལས་མ་བོར་བར།    ང་ལ་མིང་ཐོའང་བཀོད་སོང་།   གཅིག་ནས་ང་ལ་སྐད་ཆ་མ་དྲིས་པ་དང་།    གཉིས་ནས་ངའི་རི་མོ་འབྲི་རྒྱུ་དེ་རང་གི་ལས་ཀ་རུ་རྩི་བསམ་མེད་པས།    ང་ཡིག་ཚད་ལེན་དུ་མི་འགྲོ་བར་ཤུགས་བརྒྱབ་པ་ཡིན་མོད།    པ་ལགས་ཀྱིས་ཡང་ཡང་གདམས་པའི་མཐར།    ཡིག་ཚད་གཏོང་དུ་མི་འགྲོ་ཀ་མེད་བྱུང་།     དེ་ལྟར་ང་རང་ཡིག་ཚད་ལོངས་ཏེ་རི་མོའི་ཆེད་ལས་ཀྱི་སློབ་མ་ཞིག་ཏུ་གྱུར་པ་རེད།”
  བདེ་སྒྲོན་གྱིས།    མི་རེ་རེ་ལ་སོ་སོའི་དགའ་ཁ་འཁྱེར་ཕྱོགས་ཤིག་ཡོད་པ་དང་།    ཁ་ཅིག་གིས་རྩལ་དེ་ཕྱིར་འདོན་ཐུབ་ཡོད་པ་དང་།    ཁ་ཤས་ནི་དེ་ལྟར་མ་ཡིན་པར་འདོད་ཀྱི་ཡོད།    “ང་ལ་ཁ་ལས་རླུང་རྟ་འདུག     བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་སྡེ་ཁག་ཏུ་ངས་རི་མོའི་རྩ་བའི་འབྲི་ཐབས་ཤེས་སོང་བར་མ་ཟད།    དེས་ང་ལ་སྒོ་མོ་ཞིག་ཕྱེ་ཞིང་།    སྒོ་མོ་དེའི་ཕག་ཏུ་ཐིག་རིས་དང་ཁ་དོག་གི་བྱུགས་པའི་ཚོན་མདོག་གི་འཇིག་རྟེན་ཞིག་བསྐུངས་འདུག”

བདེ་སྒྲོན་གྱི་རི་མོ། ཆབ་ཞུགས་དུས་ཆེན།
  དེའི་རྗེས་སུ།   བདེ་སྒྲོན་གྱི་སེམས་ལ་རྟག་པར་རང་གིས་སྔར་ནས་བརྗེད་པར་གྱུར་པའི་དུས་ཆེན་ཉིན་གྱི་གཙང་ངོགས་ཀྱི་ལྗོན་ཤིང་དེ་དྲན་གྱི་ཡོད།   གཅིག་བྱས་ན།    མོས་ལྗོན་ཤིང་དེ་གཏན་ནས་བརྗེད་མེད་པར།    དྲན་པའི་གྲུ་ག་གང་རུང་ཞིག་ཏུ་གནས་སྐབས་སུ་སྦས་པ་ཡིན་ལས་ཆེ།    རྒྱུ་མཚན་ནི་མོས་རི་མོ་འབྲི་བྱེད་ཀྱི་པིར་སྨྱུག་དེ་གཞར་ཡང་སྐྱུར་འདོད་མ་བྱུང་བས་སོ། །བདེ་སྒྲོན་གྱི་ཞེ་འགུལ་བའི་ངང་ན་རེ།   “ལྗོན་ཤིང་དེ་ད་ལྟ་ངའི་ཤ་ཁྲག་གི་ཕུང་པོ་དང་སེམས་ཀྱི་གཏིང་ལ་རྩ་བ་ཟུག་ཡོད་པར་ངས་ཡིད་ཆེས་ཀྱི་ཡོད།    དེས་རྟག་ཏུ་ང་ལ་པིར་སྨྱུག་དེ་འཛིན་དུ་བཅུག་ཅིང་།    ངའི་སེམས་ཀྱི་ནང་རོལ་དུ་བརྩེ་བ་དྲག་ཏུ་ཁོལ་ནས།    སེམས་ཀྱི་ཁ་དོག་གིས་ཤོག་ལྷེ་རེ་རེ་དང་།    རས་ལྷེ་རེ་རེ་རྣམ་པར་བྱུགས་འདོད།   འོན་ཏེ་སེམས་ཀྱི་ཁ་དོག་དག་ཇི་འདྲ་ཕུན་སུམ་ཚོགས་ནའང་།    མཐར་ཁ་དོག་ཤེས་པའི་ལག་པ་འདི་གཉིས་ལ་བརྟེན་ནས་བྱུགས་ཤིང་རི་མོ་འབྲི་དགོས་འདུག”
  རི་མོའི་ངོས་ཀྱི་ཚོན་མདོག་རྣམ་པར་བཀྲ་བ་དེ་བརྟོལ་ནས།    ཐིག་རིས་སྟབས་བདེ་བས་བྲིས་པའི་སྐྱེ་བོ་དག་མཐོང་དུས།    བདེ་སྒྲོན་སླར་ཡང་ལྗོན་ཤིང་དེ་མཐོང་བ་ནང་བཞིན་ཧ་ལས་པར་གྱུར།    སྨྱུག་འོག་གི་སྐྱེ་བོ་དེ་དག་ལ་གློ་བུར་གྱི་ཚེ་སྲོག་ཐོབ་པ་བཞིན།     དེ་དག་ནི་མོའི་གམ་དུ་འཚོ་བའི་ཕ་དང་མ།     ཕུ་ནུ་མིང་སྲིང་བཅས་ཏེ།    དེ་དག་ལས་ཀར་འབད་ཅིང་།   དེ་དག་འཚོ་བཞིན་ཡོད་པ་རེད།   “ཏག་ཏག་ཁོ་ཚོས་ངའི་འཚོ་བ་བསྐྲུན་པ་རེད།   ངས་ནི་པིར་སྨྱུག་སྤྱད་ནས་ཁོ་ཚོ་ལ་བཅར་ཞིང་།    ཁོ་ཚོའི་དགའ་སྐྱོ་ཆགས་སྡང་དང་།    སྐྱེ་རྒ་ན་འཆི་བཅས་བྲིས་པ་ཙམ་ཡིན།”

རི་མོ་པ་བདེ་སྒྲོན།
  བདེ་སྒྲོན་གྱིས་སྔོན་ཆད་ཀྱི་རི་མོ་དག་ལ་ལྟ་སྐབས་རང་ཉིད་ཀྱང་ཡིད་འགུལ་བར་བྱས་སོང་ཟེར།     མོ་ནི་དེ་ལྟ་བུར་རང་གི་མི་རིགས་འདི་དང་དེས་བྱས་པའི་རིག་གནས་ཁྱད་པར་བ་འདི་ལ་དགའ་བ་རེད་ཨང་།    “ལོ་ངོ་བཅུ་ལྷག་གི་རིང་ལ་ང་དེ་ལ་ཞུགས་ཤིང་།    རང་གི་སེམས་ཤུགས་ཅི་ཡོད་ཀྱིས་དེ་དག་ཕྱིར་བསྟན་པ་ཡིན།   དེ་ནི་ངེས་པར་དུ་མཁོ་བ་ཞིག་རེད།    ཡིན་ནའང་།    ལོ་ངོ་སྟོང་ཕྲག་དུ་མ་ལ་གནས་པའི་ཤེས་རིག་ཅིག་ལ་ཆ་བཞག་ན།    རི་མོ་དེ་དག་རྣམ་པ་ཙམ་དང་ཕྱི་ངོས་ཙམ་དུ་ལུས་ཡོད་སྲིད་པས།     ངས་ཐིག་རིས་རྩིང་པོ་དེ་དང་།    ཁ་དོག་རྣམ་པར་འཚེར་བ་དེ།    སྒྲིག་གཞི་རང་བཞིན་པ་ཞིག་ལ་བརྟེན་པའི་མཛེས་པར་དཔྱད་སྟངས་རིགས་འདིའི་ཕག་ཏུ་གབ་པའི་གསར་དུ་རྩོམ་པའི་སྟོབས་དེ་གང་ལས་བྱུང་བ་དང་།    གང་དུ་འགྲོ་སྲིད་པར་བསམ་བློ་བཏང་བ་ཡིན།   དེ་དག་ངས་རྟོགས་ཐབས་མེད་པར་སྲིད་མོད།    ངས་རི་མོའི་ལམ་ནས་དེ་ལ་ངེས་ཤེས་འབྱུང་བ་དང་རྟོག་པ་འགྱུ་བ།    ཚོད་བགམ་བྱ་ཆོག་པ་རེད།”
  རི་མོ་ཁང་གི་སྒེའུ་ཁུང་ལས་ཕྱིར་བལྟས་ཚེ།    སྒོ་རའི་ནང་གི་ཁམ་བུའི་ལྗོན་པ་དེར་མྱུ་གུ་འབུས་མགོ་ཚུགས་འདུག་པས།    ཚེ་སྲོག་གསར་པ་ཞིག་གི་འཁོར་བའང་འདི་ལྟར་འཁོར་མགོ་ཚུགས་པ་རེད།     རང་བྱུང་ཁམས་ཆེན་མོའི་འཁོར་བའི་ངང་ཚུལ་ནི་དེ་ལྟར་ངོ་མཚར་བ་ཞིག་ཡིན་པའི་སྐོར་ལ།    བདེ་སྒྲོན་གྱིས“ངས་རང་ལ་ད་ནི་དུས་ལ་སླེབས་སོང་ཞེས་སྨྲས་པ་ཡིན།   ཧ་ལམ་སྔོན་གྱི་ལོ་བཅུ་ནི་རྗེས་ཀྱི་ལོ་བཅུ་འདི་ལ་གྲབས་བྱ་ཆེད་ཡིན་སྲིད།    ཚོད་ལྟ་གསར་པ་ཞིག་དང་།   ལམ་བུ་གསར་པ་ཞིག་གི་དབུ་འདི་ལྟར་བརྩམས་པ་རེད།”  མོས་ཡུན་རིང་པོར་ལག་ཏུ་ཐོགས་པའི་པིར་སྨྱུག་དེ་གཞི་ནས་རས་ལྷེ་ཡི་སྟེང་དུ་འགུལ་མགོ་བརྩམས་བྱུང་།    “སྐབས་འདི་ལ་ངས་མཚོན་འདོད་པ་ནི་རང་གི་སེམས་ཀྱི་དྲན་སྟངས་དག་ཡིན་པས།    ཕྱི་ཡི་གཟུགས་དང་བརྙན་གང་ལ་ཡང་བརྟེན་མི་དགོས་པར།     ལྷད་མ་ཞུགས་པའི་རི་མོའི‘སྐད་ཆ’ཁོ་ནའི་ལམ་ནས་དགའ་བ་དང་ཞི་བ།    གདུང་བ།   འདོད་པ།    སྤོབས་པ།    ངན་པ་གདུག་ཅན་དག་མངོན་པར་མཚོན་རྒྱུ་ཡིན།”(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག