ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

འཇར་མན་གྱི་རྩོམ་རིག་མཁས་ཆེན་ཝ་དྷ་ཚིའི་ངོ་མཚར་བའི་མི་ཚེའི་སྐོར།

2015-04-02 སྐྱ་བོས་བསྒྱུར་ཅིང་མཆན་བཏབ།
   ༢༠༡༥ལོའི་ཟླ་༢པའི་ཚེས་༢༦ཉིན། འཇར་མན་གྱི་རྩོམ་རིག་དཔྱད་བརྗོད་པའི་སྡེ་ཡི་ཁྱུ་མཆོག་ཧྥུ་རེ་ཚི•ཡོ་ཨ་ཧེམ•ཝ་དྷ་ཚི་(F.J.Raddatz)མཆོག་སི་ཝེ་ཙིར་ལན་ཊིའི་གྲོང་ཁྱེར་ཟོ་རེ་ཁི(Zurich)ནས་ལྕེབས་ཏེ་འཇིག་རྟེན་འདི་དང་གཏན་དུ་གྱེས། དེའི་ཕྱི་ཉིན་ནི་ཁོང་གི་ཆེས་མཐའ་མའི་བརྩམས་དེབ་འགྲེམ་སྤེལ་བྱེད་པའི་ཉིན་མོ་དང་འཁེལ་འདུག ཝ་དྷ་ཚིས་དེ་སྔ་འཇར་མན་གྱི་ཤེས་ཡོན་པའི་སྡེའི་ཚངས་ཐིག་ལྟ་བུའི་《དུས་བབ་བདུན་དེབ》གྱི་ཟུར་དེབ་ལོ་ངོ་བཅུ་ཕྲག་གི་རིང་ལ་བསྐྱངས་ཤིང་། དེས་འཇར་མན་གྱི་སྤྱི་ཚོགས་སུ་འབར་མདེལ་གས་པ་ལྟ་བུའི་གསར་འགྱུར་དག་ཡང་ནས་ཡང་དུ་སྤེལ་མྱོང་བར་མ་ཟད། རྩོམ་མཁན་གསར་བ་རབས་འགའ་ཞིག་ཀྱང་ཀུན་གྱི་མཐོང་ལམ་དུ་དྲངས་མྱོང་།
   དེའང་འཇར་མན་གྱི་རྩོམ་རིག་དཔྱད་བརྗོད་པ་ཝ་དྷ་ཚིས་༡༩༨༣ལོའི་གནམ་གང་ནི་མཚན་མོ་ནི་ཕོར་ཐི་གྷལ་ནས་བསྐྱལ་བ་རེད། མཚན་མོ་དེར་ཁོང་དེ་གའི་ཁྱིམ་ཚང་ཞིག་ནས་བཟི་སྟེ་ར་རོ་བར་གྱུར་བའི་ཁར། ཁོང་གིས་ཁྱིམ་ཚང་དེའི་བདག་པོར“ཁྱོད་ཀྱིས་འཕོང་ཚོས་རྐུབ་སྟེགས་ལ་བཞག་སྟེ་ད་དུང་དེབ་ཅིག་ཕྲིས་མ་གཏོགས་དུས་ནམ་ཡང་ཆབ་སྲིད་ཀྱི་ཁ་གཡང་འགའ་ཞིག་གི་ཕྱོགས་སུ་དམིགས་པ་གཏད་དེ་དཀའ་ལས་མྱོང་བར་མི་འོས་སོ”ཞེས་དྲག་དུ་སྤྱོས། ཁྱིམ་ཚང་དེའི་བདག་པོ་ནི་རྗེས་སུ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་གྷུན་ཐར•གྷ་ར་སེ(Günter Grass)རེད།
   ལོ་དེར། གྷ་ར་སེས《ཧྥ་ལུན་ཊིར》[flounder ཉ་ཞིག་གི་མིང་སྟེ། དབྱིབས་ལེབ་མོ་ཆུང་བ་ཅན་ཞིག་གོ]ཞེས་པའི་དེབ་ཅིག་བརྩམས་པའི་རྗེས་སུ་ཅི་ཡང་མ་བྲིས་པར་མ་ཟད། ནུས་ཤུགས་ཡོད་རྒུ་བཏོན་ཏེ་འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་སྐྱིད་སྡུག་གི་སྲིད་ཀྱི་འདེམས་རྩོད་ལ་རོགས་པ་བྱས། རྗེས་སུ་གྷ་ར་སེས《འདས་དོན་གྱི་རེག་ཟིག》ཏུ་“ཕྱི་ཉིན་གྱི་ཞོགས་པར། ངས་རྩོམ་ཤོག་གྲངས་གཅིག་ཙམ་བྲིས་ཏེ་ཝ་དྷ་ཚི་ལ་བསྟན་ཏེ། ཁྱོད་ཀྱིས་ང་ལ་སྤྱོས་ནས་བབ་ཕེབས་སུ་མི་མཇུག་པས་ད་ནི་འདིར་ལྟོས་ཤིག་ཅེས་སྨྲས་པ་ཡིན”ཞེས་བྲིས་འདུག ཏག་ཏག་དེ་ནི་གྷ་ར་སེའི་རྩོམ་དེབ་གསར་བའི་ཤོག་གྲངས་དང་པོ་ཡིན་འདུག

ཝ་དྷ་ཚི(གཡོན)དང་གྷ་ར་སེ་གཉིས་ཀྱིས་མཉམ་དུ་གསོལ་ཚིགས་ལ་རོལ་བ།
   《འདས་དོན་གྱི་རེག་ཟིག》ལས་དོན་དེ་གླེང་བ་ནི་གྷ་ར་སེས་དོན་དུ་ཀུན་གྱིས་ཤེས་ས་ནས་རྩོམ་རིག་དཔྱད་བརྗོད་པ་ཝ་དྷ་ཚི་ལ་གུས་འདུད་ཞུས་པ་རེད། དེ་ལྟར་ཁོང་གཉིས་ཀྱི་མཛའ་བརྩེའི་རྒྱུན་དེ་ཝ་དྷ་ཚིའི་མི་ཚེའི་དྲན་ཐོ་པར་དུ་སྐྲུན་པའི་བར་དུ་བསྐྱངས་ཡོད།  འོན་ཀྱང་གྷ་ར་སེས་ཁོའི་ལོ་མང་པོ་རང་གི་གྲོགས་པོ་དེས་མི་ཚེའི་དྲན་ཐོ་རུ་ཁོ་གཉིས་ཀྱི་གསང་བ་མང་པོ་ཞིག་བསྲུངས་མེད་པར་ཅི་བཞིན་དུ་བྲིས་འདུག་པར་སྙམ་པ་དང་། དེ་ལ་བརྟེན་ནས་བགྲེས་པོ་དེ་གཉིས་བར་ལ་རྩོད་པ་ཤོར་ཅིང་། མཐར་ཕན་ཚུན་བར་འགྲོ་འོང་མེད་པར་གྱུར་ཏེ་སོ་སོར་གྱེས།
   དེའང་འཇར་མན་གྱི་དེང་གི་རྩོམ་རིག་དཔྱད་བརྗོད་པའི་སྡེ་རུ། ཁྱུ་མཆོག་ལྟ་བའི་མཁས་དབང་གཉིས་ཡོད་ལ། གཅིག་ནི《ཧྥ་རན་ཁི་ཧྥུར་ཐྲིའི་དུས་ཐོག་ཚགས་ཤོག》[ ཚགས་ཤོག་འདིའི་མིང་ཆ་ཚང་ལ་Frankfurter Allgemeine Zeitungཟེར་ཅིང་བསྡུས་མིང་དུ་FAZཟེར] གི་ཟུར་དེབ་རྩོམ་སྒྲིག་པ་མར་སེལ•ཝ་ཤེ•ཝ་ནེ་ཚུ་ཁེ(Marcel Reich-Ranicki)སྟེ། ཡོངས་གྲགས་སུ“རྩོམ་རིག་དཔྱད་བརྗོད་ཀྱི་བླ་ཆེན”དུ་འབོད་པ་དེ་ཡིན་ལ། གཞན་དེ་ནི་ཝ་དྷ་ཚི་ཡིན་ནོ།།
   གོང་དུ་གླེང་བ་བཞིན་ཝ་དྷ་ཚིས《དུས་བབ་བདུན་དེབ》ཀྱི་ཟུར་དེབ་བསྐྱངས་ཏེ་རྩོམ་པ་པོ་གསར་བ་མང་པོ་སྐྱེད་སྲིང་བྱས་ཤིང་དེའི་སྐོར་ལ་ཁོང་རང་ཉིད་ཀྱིས་ཀྱང“ཁོ་བོ་ནི་མཆོང་སྟེགས་ཞིག་དང་གཉིས་སུ་མ་མཆིས་ཏེ། གཞོན་ནུ་མང་པོ་ཞིག་རྩོམ་རིག་གི་སྡིངས་ཆར་འཇུག་པར་རོགས་པ་མང་པོ་བྱས་མྱོང”ཞེས་གསུང་ཡོད།
   “པེར་ལེན་གྱི་ལྕགས་རི”མ་ཞིག་པའི་བགྲང་བྱ་ཉི་ཤུའི་སྔོན་དུ། ཝ་དྷ་ཚི་ནི་འཇར་མན་ནུབ་མའི་ཆ་སྙོམས་རིང་ལུགས་དང་། གཡོན་ལྷུང་རང་དབང་རིང་ལུགས་ཀྱི་རིག་གཞུང་བའི་སྡེ་ནས་གྲགས་པ་འབར། དེ་ནི་སྐབས་དེར་ཁོང་དང་འབྱོར་ལྡན་མ་ལྕམ་ཧིན་ཁུར་གྱི་བར་དུ་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཁོང་ནི་ཚགས་ཤོག་གི་རྩོམ་སྒྲིག་པ་ཙམ་མ་ཟད་གསར་འགྱུར་འགོད་མཁན་དང་དཔེ་དེབ་པར་སྐྲུན་པ་ཞིག་ཡིན་པ། ཁོང་ཨ་རག་ཤམ་ཕེན་རྩ་ཆེན་དང་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོར་དགའ་བ། དེ་མིན་ཁོང་གི་སྨྱུ་གུས་རྣག་ཐོག་གཙགས་འཁེལ་གྱིས་སྐབས་དོན་སྣ་ཚོགས་ཚགས་ཤོག་ཏུ་བྲིས་པར་རག་ལས་ཡོད། དེ་བཞིན་རྩོམ་རིག་དཔྱད་བརྗོད་ཀྱི་ཕྱོགས་ནས་ཀྱང་། ཁོང་གིས་སྒུལ་དུ་མེད་པའི་རང་ཚུགས་མངོན་པར་བྱས།  དེང་འདིར། འཇར་མན་རྩོམ་རིག་གི་སྡེའི་རྩོད་གཞི་ཅན་གྱི་སྐྱེས་བུ་དེ་རི་ཞིག་གཟིམས་ཁྲི་མཐའ་ཅན་དུ་གྱུར་མོད། དེས་ཤེས་ཡོན་པ་རྣམས་ཀྱི་སེམས་སུ་ཕངས་པ་དང་བསམ་པར་བྱ་བ་མང་པོ་ཞིག་བཞག་འདུག
 
པིར་ལེན་ཤར་མ་ནས་པིར་ལེན་ནུབ་མར་བཙན་བྱོལ་བྱས་པ།
 
   ཝ་དྷ་ཚི་ནི་༡༩༣༡ལོར་པིར་ལེན་ནས་སྐུ་འཁྲུངས། ཁོང་འཇིག་རྟེན་མི་ཡུལ་དུ་བཙས་པ་དང་ལྷན་ཅིག་ཁོང་གི་མ་ཡུམ་གྱི་སྐུ་ཚེའི་འཕེན་པའང་རྫོགས་པ་རེད། ཁོང་གིས་མི་ཚེའི་དྲན་ཐོ་རུ “མོ་ནི་ཕ་རི་སིའི་སྐྱེས་མ་ཞིག་ཡིན་ལ། མི་ཚང་ཕྱུག་པོ་ཞིག་གི་བུ་མོ་ཡིན་ཞིང་། རྗེས་སུ་མི་གཞན་གྱིས་ཁོ་བོར་མོ་ནི་ཤིན་ཏུ་མཛེས་པ་དང་། ཞི་ཞིང་དུལ་བ། རྟ་ཞོན་པར་དགའ་ལ། རྒྱས་སྤྲོས་ཆེན་པོས་ཡུལ་ལུང་སྣ་ཚོགས་འགྲིམ་པར་དགའ་བོ་ཡོད་པའི་སྐོར་བཤད་བྱུང”ཞེས་བྲིས་འདུག མ་ཡུམ་གྱི་ཤུལ་དངོས་ཀྱི་སྐོར་ནས་ཁོང་གི་དྲན་པའི་ནང་དུ་མ་བརྗེད་གསལ་ལེར་ཡོད་པ་ཞིག་ནི། ཁོང་ལོ་བདུན་བརྒྱད་ཙམ་ཡིན་དུས། ལྐོག་ཏུ་གོས་སྒམ་གྱི་ཁ་ཕྱེ་ཚེ་མོའི་གྱོན་པ་ཞིག་རྙེད་ཅིང་ཁོས་དེ་ཉིད་རང་གི་ལུས་ལ་ཨེ་འཚམ་བལྟས། དེ་ནི་མཚན་མོའི་ཤོམ་གོས(evening dress)ཤིག་ཡིན་པ་དང་། དམར་སེར་གྱི་འདབས་ཤམ་ས་ལ་འདྲུད་ཅིང་། སྟེང་དུ་དར་གོས་སེར་བོ་དྲུབས་པར་བྱས་ཡོད། ཤོམ་གོས་དེ་མིན་དེ་གར་ད་དུང་སྣེ་མོ་ཤིན་ཏུ་ཕྲ་བའི་ལྷམ་རྟིང་མཐོ་ཡང་ཞིང་བདེ་བ་ཞིག་ཡོད་ལ། དེའི་ངོས་སུ་མིས་བཟོས་ཕ་ལམ་གྱི་ཕྲ་བཏབ་པས་འོད་ལམ་མེར་བཀྲ་བ་རེད།
ཝ་དྷ་ཚིས་མི་ཚེའི་དྲན་ཐོ་རུ་ཁོང་གི་ཡབ་ཀྱི་སྐོར་ཡང་བྲིས་ཡོད། དོན་དུ་དེ་ནི་ཁོང་གི་ཡབ་ངོ་མ་མ་ཡིན་པར་ན་ཙིའི་སྲིད་གཞུང་ནས་ལས་བྱོལ་བྱས་པའི་མི་ཞིག་ཡིན། ཁོང་གི་ཡབ་མིང་འཛིན་པའི་སྐྱེ་བོ་དེས་ཁོང་ལོ་ངོ་བཅུ་གཅིག་ཡིན་དུས་ཁོང་གི་མ་ཡར་ལ་ལུས་འབྲེལ་བྱས་ཤིང་། དེ་བཞིན་ཁོང་ཡང་མཚན་མཐུན་གྱི་འབྲེལ་བ་བཙུགས་ཏེ་གཉིས་དགའི་བདེ་བ་ཐོབ་པའི་ཕྱོགས་སུ་བྲིད་འདུག དེ་ལྟར་ཁོང་གིས་རང་གི་གསང་བ་མ་ལུས་ཀུན་ལ་ཤེས་སུ་བཅུག་པ་རེད། ཁོང་གིས་ད་དུང་རང་ཉིད་ནི་མཚན་མཐུན་པ་ཞིག་ཡིན་པ་ཀུན་གྱིས་མདུན་ནས་ཁས་བླངས་ཡོད། དེ་མིན། ཁོང་ལ་བུད་མེད་དང་ལྷན་ཅིག་འཚོ་བ་བསྐྱལ་བའི་མྱོང་བའང་ཡོད་པས་དོན་དུ་ཁོང་ནི་མཚན་མ་གཉིས་ཀར་འཇུག་པ་ཞིག་ཡིན་ནོ།།
   ཆུང་དུས་ནས་ཡུམ་གྱི་བརྩེ་བ་མ་ཐོབ་པའི་ཁར། ཕ་ཡར་གྱིས་མི་དགེ་བའི་ཕྱོགས་སུ་བྲིད། གཞོན་ནུའི་དུས་སུ་དམག་འཁྲུག་གི་རྐྱེན་པས་པོར་ལེན་གྱི་ཆག་རོ་དང་། བཀྲེས་སྐོམ་གྱི་ཁྲོད་ནས་ནར་སོན་པས་ཁོང་གིས་རང་ལ་འཚོ་ཚིས་ཡག་པོ་ཡོང་བ་དང་མདུན་ལམ་ལེགས་པོ་འཐོབ་པའམ་འཇར་མན་མི་རིགས་ཧྲིལ་བོ་བསྐྱར་དུ་དར་ཆེད་དཀའ་བ་ཆེན་པོས་ངལ་རྩོལ་མི་བྱེད་ཀ་མེད་བྱུང་ཡོད།
   དེ་ལྟ་ནའང་། གཞོན་པའི་དུས་ཀྱི་དཀའ་ངལ་གྱི་མཐུ་ལས་ཁོང་གིས་དུས་ཚོད་མང་པོ་སློབ་གཉེར་གྱི་ཕྱོགས་སུ་བཀོལ། པིར་ལེན་གྱི་ཧོམ་བྷོལ་ཐི་སློབ་ཆེན(Humboldt)ནས་ཁོང་གིས་འཇར་མན་གྱི་རྩོམ་རིག་དང་། ལོ་རྒྱུས། ཟློས་གར་གྱི་གཞུང་། སྒྱུ་རྩལ་གྱི་ལོ་རྒྱུས། ཨ་རིའི་རྩོམ་རིག་སོགས་ཆེད་ལས་སྣ་ཚོགས་སྦྱངས།

ཝ་དྷ་ཚིས་ཧོམ་བྷོམ་ཐི་སློབ་ཆེན་ནས་སློབ་གཉེར་བྱེད་དུས།
   ༡༩༥༤ལོ་སྟེ། ཁོང་དགུང་ལོ་༢༣གྱི་དུས་སུ། ཁོང་གིས་ཧོམ་བྷོལ་ཐི་སློབ་ཆེན་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབ་གནས་བཞེས། སློབ་མཐར་ཕྱིན་རྗེས། ཁོང་གིས་འཇར་མན་ཤར་མའི་རྒྱལ་ཁབ་པར་སྐྲུན་སྡེ་ཁག་གི“འཛམ་གླིང་དང་མི་རིགས་རྩོམ་སྒྲིག་ཁང”ཟེར་བ་ནས་འཛམ་གླིང་རྩོམ་རིག་ཚན་ཁག་གི་གཙོ་སྒྲིག་པ་བྱས། ཡིན་ནའང་། ཁོང་གིས་འཇར་མན་ཤར་མའི་སྲིད་གཞུང་གི་བསམ་འདུན་རྣམས་སྲུང་རྩི་མི་བྱེད་པས་ཁོང་ནི་ཟི་ཐ་སིར(Stasi)འབོད་པའི་རྒྱལ་ཁབ་བདེ་སྲུང་ཁང་གི་ལྟ་རྟོག་དང་ཉེས་ཆད་གཅོད་ཡུལ་དུ་གྱུར་ཡོད། ༡༩༥༨ལོའི་ཉིན་ག་ག་མོར། ཟི་ཐ་སི་བདེ་སྲུང་ཁང་གི་མི་སྣས་ཁོང་གི་ལས་ཀ་སྒྲུབ་སའི་དཔེ་སྐྲུན་ཁང་གི་ཁང་བརྩེགས་ཀྱི་ནང་ནས་ཁོང་འཇུ་རྩིས་བྱེད་སྐབས། ཁོང་མགྱོགས་པོར་ལྟག་སྒོ་ནས་བྲོས་པ་དང་། མཐར་ས་འོག་མེ་འཁོར་ལ་བསྡད་དེ་པིར་ལེན་ནུབ་མར་སོང་། རྗེས་སུ་ཁོང་གིས་དེའི་སྐོར་ལ། “དེ་དུས་ང་རང་ཕོ་ལོ་༢༧ཡིན་ལ། འགྲོ་དུས་ནུབ་ལྭ་ཆ་ཚང་ཞིག་དང་། ལྷམ་ཆ་གཅིག སྒྲོག་གུ་ཆེ་ཞིང་ཀོ་བའི་སྐེད་འཆིང་སྦོམ་པོ་ཅན་གྱི་དགུན་ལྭ་ཞིག ཚི་ལེན་གཉིས་དང་འཇར་མན་ནུབ་མའི་མར་ཁི་༣༠༠བཅས་ལས་ཅི་ཡང་ཁྱེར་མེད། སྐབས་དེར་ང་ལ་འཇར་མན་ཤར་མ་ན་ལས་གནས་ཡོད་ཅིང་། དེའི་རྒྱུན་ཡང་མུ་མཐུད་དུ་བསྐྱང་ཆོག་པར་འདོད་མོད་འོན་ཀྱང་དེ་བསྐྱུར་ནས་བཙན་བྱོལ་གྱི་ལམ་དུ་མི་ཞུགས་ཀ་མེད་བྱུང་། དེ་དག་ཐམས་ཅད་འཇིག་རྟེན་བྱེད་པོས་སྟེས་དབང་དུ་བཀོད་སྒྲིག་བྱས་པ་ལས་མ་འདས”ཞེས་བྲིས་འདུག
   དེ་ལྟ་ནའང་འཇིག་རྟེན་བྱེད་པོས་ཝ་དྷ་ཚི་ལ་གཟིགས་སྐྱོང་གནང་བ་འདྲ་སྟེ། ༡༩༦༠ལོ་ནས་བཟུང་། ཁོང་གིས་འཇར་མན་ནུབ་མའི་གྲོང་ཁྱེར་ཧན་བྷིར་ཀིར[གྲོང་ཁྱེར་འདི་ནི་འཇར་མན་གྱི་གྲོང་ཁྱེར་གཉིས་པ་ཡིན་པ་དང་། སྲིད་འཛིན་ས་ཁོངས་ཀྱི་རིམ་པ་ནི་མངའ་སྡེ་ཞིག་དང་མཉམ།  མིང་ཆ་ཚང་ལ་Freie und Hansestadt Hamburgཟེར]ནས་ཝོ་འོལ་ཐི(Rowohlt)ཞེས་པའི་རྩོམ་སྒྲིག་ཁང་གི་སྒྲིག་གཙོ་གཞོན་པའི་འགན་བཞེས། དུས་སྐབས་དེར། རྩོམ་སྒྲིག་ཁང་དེ་ཉིད་དར་རྒྱས་ཀྱི་རྩེ་མོར་སོན་སྒང་ཡིན། འཇར་མན་གྱི་ཉེ་བའི་རིག་གནས་ལོ་རྒྱུས་སུ། རྩོམ་སྒྲིག་ཁང་དེ་ཉིད་ཟོལ་ཁམ(Suhlkamp)དཔེ་སྐྲུན་ཁང་དང་ལྷན་ཅིག་མཉམ་པོར་འགྲན་རྩོད་བྱེད་བཞིན་ཡོང་བ་ཡིན་པས། དཔེ་སྐྲུན་གྱི་སྡེ་རུ་སྒྲུན་དུ་མེད་པའི་བྱེད་ནུས་ཆེན་པོ་ཐོན་ཡོད། ཏག་ཏག་དཔེ་སྐྲུན་ཁང་དེའི་ཁྱད་ཆོས་མངོན་པར་གསལ་བའི་ཕྱི་ཤོག་དམར་པོ་ཅན་གྱི་དེབ་དག་གིས་དུས་རབས་དེའི་ལོ་རབས་དྲུག་ཅུ་བའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་མཚོན་པ་རེད།
   ལོ་རབས་དྲུག་ཅུ་བའི་ནང་དུ། ཝ་དྷ་ཚིས་རྩོམ་པ་པོ་གསར་བ་མང་པོའི་བརྩམས་དེབ་པར་དུ་བསྐྲུན་ཅིང་། ཁོ་ཚོའི་ཁྲོད་དུ། ཧན་བྷིར་ཀིར་གྱི་རྩོམ་པ་པོ་ཧོ་བྷིར་ཁྲི་ཧྥེ་ཊ(Hubert Fichte)དང་། སྙན་ངག་པ་ཕེ་ཐུར་ཝོམ་ཁལ་ཧྥུ། (Peter Rühmkorf) གྷི་ཟི་ལ་ཨེ་ཟི་ན། (Gisela Elsner) ཝོལ་ཧྥུ་ཧོས་ཧུ་ཐུ། (Rolf Hochhuth) སྤལ་ཐར་ཁེམ་ཕོ་སི་ཁི། (Walter Kempowski) ཨེལ་ཧྥུ་ཝི་རྡི་ཡལ་ནེ་ཁི(Elfriede Jelinek)སོགས་ཡོད། དེར་མ་ཟད་ཁོང་གིས་ཁོར་ཐི་ཧོ་སི་ཁིས(Kurt Tucholsky)མཆོག་གི་གསུང་འབུམ་ཆ་ཚང་ཕྱོགས་བསྒྲིགས་དང་ཇུས་འགོད་གནང་སྟེ་པར་དུ་བསྐྲུན་ཅིང་། བྷེ་མ་ཝར་སྤྱི་མཐུན་རྒྱལ་ཁབ[Weimarer Republikའདི་ནི་༡༩༡༨ནས་༡༩༣༣གྱི་བར་དུ་སྤྱི་མཐུན་དང་ཁྲིམས་སྲིད་ཀྱི་ལམ་ལུགས་ལ་བརྟེན་ནས་བཙུགས་པའི་འཇར་མན་ལ་གོ་སྟེ། སྐབས་དེའི་རྩ་ཁྲིམས་ནི་བྷེ་མ་ཝར་ནས་གཏན་འབེབས་མཛད་པས་ཕྱིས་སུ་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དེ་ལྟར་བོས་པའོ]སྐབས་ཀྱི་རྩོམ་པ་པོ་དེའི་བརྩམས་ཆོས་འཇར་མན་གྱི་རྩོམ་སྟེགས་སུ་བསྐྱར་དུ་བསུས་པ་རེད། ཝ་དྷ་ཚིས་གདེང་འཇོག་དང་མཚམས་སྦྱོར་བྱས་པའི་དྲིན་གྱིས། ཁོར་ཐི་ཧོ་སི་ཁིས་མཆོག་གི་བརྩམས་ཆོས་འཇར་མན་གྱི་ཁྱིམ་ཚང་རེ་རེའི་དཔེ་ཁྲི་རུ་ཡོད་པར་གྱུར།
   ༡༩༧༡ལོར། ཝ་དྷ་ཚི་མཆོག་སློབ་ཆེན་དུ་དགེ་རྒན་བྱེད་པའི་ཡིག་ཚད་ལོངས་ཏེ། ཁོང་གིས་སྔ་གཞུག་ཏུ་ཧྥ་རན་སི་དང་ཨ་རི་ནས་རྩོམ་རིག་གི་གདན་ཞུའི་སློབ་དཔོན་བྱས། 

《དུས་བབ་བདུན་དེབ》ཀྱི་ཟུར་དེབ་གཙོ་སྐྱོང་གནང་བ། 

   དེའང་སློབ་གྲྭ་ཆེན་མོ་དང་སློབ་དཔོན་བྱེད་པ་དང་བསྡུར་ན། ཝ་དྷ་ཚི་ནི་གསར་འགྱུར་གྱི་སྨྱན་བྱེད་ནས་ལས་ཀ་སྒྲུབ་པ་ལ་ཡི་རངས་པར་གྱུར། ༡༩༧༧ལོར། ཁོང《དུས་བབ་བདུན་དེབ》ཀྱི་ཁོངས་སུ་ཞུགས་ཏེ་སྒྲིག་གཙོ་གཞོན་པའི་སྟེགས་བུར་བཞུགས་ཤིང་། དེ་ནས་བཟུང་འཇར་མན་རྩོམ་རིག་གི་སྡེར་ཤུགས་རྐྱེན་ཆེས་ཆེ་བའི་དཔྱད་བརྗོད་པ་ཞིག་ཏུ་གྱུར་བར་མ་ཟད། ཀུན་གྱིས་རྩོད་གླེང་གི་མདའ་མོ་འཕེན་སའི་རྩོམ་རིག་ཤན་འབྱེད་པ་ཞིག་ཏུའང་གྱུར། ཏག་ཏག་དུས་སྐབས་དེ་ལ། ཁོང་གི་རྩོམ་རིག་དཔྱད་བརྗོད་ཀྱི་ལས་ཀ་དེ་དར་བའི་རྩེ་མོར་སོན། ཁོང་གིས་བྲིས་པའི་འཇར་མན་གྱི་རིག་གནས་སྐོར་གྱི་གསར་འཕྲིན་མང་པོ་ཞིག་ལ་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས། དཔེར་ན་ཁོང་གིས་བྲིས་པའི་འཇར་མན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཁཱར་སི་ཐིན(Carsten)གྱི་སྐོར་དང་། གཡོན་ལྷུང་རྩོམ་པ་པོ་ཕོལ་ཙལ(Paul Zahl)གྱིས་ཉེན་རྟོག་པར་མེ་མདས་བརྒྱབ་རྐྱེན་བཙོན་དུ་བཅུག་རྗེས་ཁོས་བཙོན་ཁང་གི་ཞོགས་ཟས་ཀྱི་བྱ་སྒོང་ལེགས་པོ་མིན་པའི་སྐོར་ལ་འཁང་ར་བྱས་པའི་སྐོར་སོགས་སོ།། དེ་མིན་ཝ་དྷ་ཚི་མཆོག་གིས་ན་ཙི་བའི་དོན་རྐྱེན་གྱི་ནང་དུ་ཚུད་པའི་རྩོམ་པ་པོ་སྟེ། ཨན་ཟི་ཡོང་ནར(Ernst Jünger)སོགས་ཀྱི་སྐོར་ལའང་སྨྱུག་ཁ་ཤུགས་ཆེར་གཏད་མྱོང་།
   རྣམ་དཔྱོད་ཆེའང་གཞན་ལ་བརྙས་པ་དང་། ཧམ་པ་ཚ་ཞིང་ངར་ཤུགས་ཆེ་བ། སུ་དང་གང་ལའང་འཛེམ་དོགས་མེད་པ། བག་མེད་ཅིང་རྒྱས་སྤྲོས་ཆེ་བའི་རྐྱེན་གྱིས་སྐབས་དེའི་ཝ་དྷ་ཚི་ནི་ཧན་བྷིར་ཀིར་ཙམ་མ་ཟད་འཇར་མན་ཡོངས་ཀྱི་རིག་གནས་པའི་སྡེ་ནས་སྙན་གྲགས་རྒྱས་ཏེ་ཀུན་གྱི་ཇ་ཁ་ཆང་ཁའི་གླེང་གཞི་གཙོ་བོར་གྱུར། གོ་ཐོས་སུ། ཁོང་གིས《དུས་བབ་བདུན་དེབ》ཀྱི་སྒྲིག་གཙོ་བྱེད་པའི་སྐབས་སུ། ཚགས་པར་བསྒྲིགས་ཚར་རྗེས་ཀྱི་སྔ་དྲོའི་དུས་སུའང་རྩོམ་སྒྲིག་པ་དག་དང་མཉམ་དུ་ཨ་རག་ཤམ་ཕེན་བཏུང་སྟེ་དགའ་སྟོན་ལ་རོལ་བར་གྲགས། དེའང་ཁོང་གིས་བསམ་ན། འཇིག་རྟེན་སྟེང་གི་རྩོམ་རིག་གམ་རིག་གནས་དང་འབྲེལ་བའི་ལས་ཀ་ལེགས་ཤོས་ཤིག་བསྒྲུབས་ཚར་བ་ཡིན་ན། དགའ་བའི་སྟོན་མོར་རོལ་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན་པ་རེད། ཁོང་གི་དེ་ལྟ་བུའི་ཀུན་གྱི་འགྲོ་ལུགས་དང་མི་མཐུན་པའི་ལས་ཀ་སྒྲུབ་སྟངས་དེ་དག་ནི་ཚོགས་ཤོག་ཁང་དེའི་དབུ་གཙོའི་བློ་ལ་ནི་འབབ་དཀའ་བ་རེད། དེ་ལྟ་ནའང་ཝ་དྷ་ཚིས་གཙོ་སྒྲིག་གནང་བའི《དུས་བབ་བདུན་དེབ》ཀྱི་ཟུར་དེབ་ནི་ལྟ་བའི་རྩལ་རྫོགས་ཤིང་། རྩོད་པའི་གནད་ཟིན་ལ། སྐྱོན་མཚང་དྲུངས་ནས་འབྱིན་པར་བྱེད་པ་ཞིག་ཡིན་པས། རྗེས་སུ་ཁོང་དོན་ཕྲན་ཚེགས་ཤིག་གི་རྐྱེན་པས་ལས་གནས་ནས་ཕྱུང་ནའང་། 《དུས་བབ་བདུན་དེབ》ཀྱི་བགྲང་བྱ་ལྔ་བཅུའི་འཁྲུངས་སྐར་བསུ་སྐབས། ཁོང་ནི་ཚགས་ཤོག་དེའི་ཟུར་དེབ་ཀྱི་གཙོ་སྒྲིག་པ་དག་ལས“ལས་ཀར་ནན་གྱིས་འཇུག་ཅིང་། ལྟ་བ་ཁྱད་མཚར་དང་ལྡན་པ། རང་གཤིས་ཀྱིས་ཕྱུག་ཅིང་རྩོད་པའི་ཟླ་དང་བྲལ་བ་དེ་རེད”ཅེས་གདེང་འཇོག་བྱས་ཡོད།
ཝ་དྷ་ཚིས《དུས་བབ་བདུན་དེབ》རྩོམ་སྒྲིག་ཁང་ནས་ལས་ཀ་སྒྲུབ་སྐབས།
   《ཧྥ་རན་ཁི་ཧྥུར་ཐྲིའི་དུས་ཐོག་ཚགས་ཤོག》གི་གཙོ་སྒྲིག་པ་ཟུར་བ་ཧྥུ་རན་ཁི་ཤིར་མ་ཧུ(Frank Schirrmacher)ལགས་ན་རེ། གལ་སྲིད་ཝ་དྷ་ཚེར་འབོད་པའི་སྐྱེས་བུ་དེ་མེད་པ་ཡིན་ན། ཁོ་བོའང་གསར་འགོད་པའི་ལམ་དུ་འཇུག་མི་སྲིད། དེའང་ཁོང་གི་བློ་ནི་དུས་རྟག་པར་ཤེས་རབ་དཔལ་གྱིས་ཕྱུག་པས་ཁོང་གིས་ཐམས་ཅད་འུར་ཆི་ལིར་འཇོག་ཐུབ་པའི་བརྗོད་བྱ་རྙེད་ཐུབ་ལ། གཞན་ཡིད་དབང་མེད་དུ་འགུག་ནུས་པའི་མི་སྣའང་རྙེད་ཐུབ། འཇར་མན་དུ་“རྩོམ་རིག་དཔྱད་བརྗོད་ཀྱི་བླ་ཆེན”དུ་འབོད་པའི་མར་སེལ་ཝ་ཤེ་ཝ་ནེ་ཚུ་ཁེ(Marcel Reich-Ranicki)མཆོག་གིས་ཀྱང་ཝ་དྷ་ཚིའི་དགུང་ལོ་བརྒྱད་ཅུའི་གྱ་སྟོན་གྱི་དུས་སུ། “ཁོང་ནི་ནམ་ཡང་ངེད་ཅག་གི་ཁྲོད་ནས་གཞན་དྲིང་མི་འཇོག་པ་དེ་དང། བྱིངས་དང་མི་འདྲ་བ་དེ་ཡིན་ནོ”ཞེས་བསྔགས་པའི་མེ་ཏོག་གཏོར། ཏག་ཏག་མར་སེལ་ཝ་ཤེ་ཝ་ནེ་ཚུ་ཁེ་ལགས་ནི་དེ་སྔ་ཝ་དྷ་ཚིས《དུས་བབ་བདུན་དེབ》ཏུ་བྲིས་པའི་འཇར་མན་གྱི་བཙན་བྱོལ་རྩོམ་རིག་སྐོར་གྱི་རྩོམ་ལ་དགག་པ་ཚ་ནན་དུ་གཏོང་མཁན་དེ་ཡིན། དེའི་ཕྱིར་གྱ་སྟོན་གྱི་བསྟོད་ཚིག་དེ་བཀླགས་རྗེས་ཝ་དྷ་ཚི་ནི་ཁོང་རང་གི་མིག་ལའང་ཡིད་ཆེས་དཀའ་བར་གྱུར་ནས་རྩོམ་སྒྲིག་ཁང་ལ་ཁ་པར་བཏང་སྟེ་དོན་དེ་བདེན་མིན་རྩད་བཅད་པ་རེད།
   ༡༩༨༥ལོར། ཝ་དྷ་ཚི་ལགས་ཁོང་རང་གི་སྣང་ངོར་བརྗོད་རིན་མེད་པའི་དོན་ཕྲན་ཚེགས་ཤིག་གི་རྐྱེན་གྱིས《དུས་བབ་བདུན་དེབ》ཀྱིས་ལས་གནས་ནས་སྤྱུགས། དེ་ནི་ཁོང་གིས“ཧྥ་རན་ཁི་ཧྥུར་ཐྲིའི་དེབ་སྟོན” [ལོ་རེ་རེ་བཞིན་འཇར་མན་དུ་སྐོང་འཚོགས་བྱེད་པའི་འཛམ་གླིང་ཡོངས་ཀྱི་དེབ་སྟོན་ཞིག་སྟེ། མིག་སྔར་འཛམ་གླིང་དུ་གཞི་རྒྱ་དང་མཚན་སྙན་ཆེས་ཆེ་བའི་དེབ་སྟོན་དེ་ཡིན་པས་དཔེ་སྐྲུན་པའི་སྡེའི་ཨོ་ལིམ་ཕིག་དུས་སྟོན་དུ་གྲགས]སྐོར་གྱི་རྩོམ་ཡིག་འགངས་ཆེན་ཞིག་ཏུ་བརྟག་དཔྱད་བརྡར་གསུམ་མ་བྱས་པར་སྐྱེ་བོ་གཞན་གྱིས་རྩོམ་པའི་དེད་དཔོན་འོལ་ཧྥུ་གྷང་རྒོད་དྷེ(Wolfgang Goeth)ཡིན་ཁུལ་བྱས་ཏེ་ཤགས་འགྱེད་པའི་ཚུལ་གྱིས་ཧྥ་རན་ཁི་ཧྥུར་ཐྲིའི་མེ་འཁོར་འབབ་ཚིགས་ཀྱི་སྐོར་གླེང་བ་ཞིག་ལུང་དུ་དྲངས་པས་རེད། དོན་དངོས་སུ་འཇར་མན་གྱི་ལྕགས་ལམ་དང་པོ་དེ་༡༨༣༥ལོར་བཟོས་གྲུབ་པ་ཡིན་ལ། སྐབས་དེར་རྒོད་དྷེ་སྐུ་གཤེགས་ནས་ལོ་ངོ་གསུམ་འདས་ཡོད། ཏག་ཏག་ཡོང་ཁུངས་མི་གསལ་བའི་ལུང་ཚིག་དེའི་རྐྱེན་པས་ཝ་དྷ་ཚི་མཆོག་གི་གཙོ་སྒྲིག་པའི་ལས་ཀ་ཤོར་བ་རེད།[མུ་འགོད](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག