ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

དབྱིན་ཇིའི་རྩོམ་པ་པོ་གི་རཱམ་སི་ཝིབ་ཐི(Graham Swift)དང་ཁོའི་གསུང་རྩོམ།

2015-06-08 གཞོན་ནུ་ཟླ་བ།
   ད་ལྟའི་ཆར་དབྱིན་ཇིར་གྲགས་པ་ཆེ་བའི་རྩོམ་པ་པོ་གི་རཱམ་སི་ཝིབ་ཐི་ལགས་ནི།  སྤྱི་ལོ1949ལོའི་ཟླ་ལྔ་པའི་ཚེས་བཞི་ཉིན་སྨུག་པའི་གྲོང་ཁྱེར་དུ་གྲགས་པའི་ལོན་ཊོན་དུ་སྐུ་འཁྲུངས་ཤིང་།  ཡབ་ནི་སྲིད་གཞུང་གི་གཞུང་ཞབས་པ་ཞིག་ཡིན་ཅིང་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པར་མཚོ་དམག་ལ་ཞུགས་མྱོང་།  སི་ཝིབ་ཐི་ལགས་ཀྱིས་དབྱིན་ཇིའི་ཁམ་ཟམ་སློབ་ཆེན་གྱི་རྒྱལ་མོའི་སློབ་གླིང་དུ་དབྱིན་ཡིག་གི་རྩོམ་རིག་ལ་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་བྱར་སྦྱངས་པ་མཛད་ཅིང་།  ཡོ་ཁེར་སློབ་གྲྭ་ཆེན་མོ(The Univerisity of York)རུ་འབུམ་རམས་པའི་བསླབ་བྱར་སྦྱངས་ནའང་།   ཏིས་ཁེན་སི(Charles Dickens,1812-1870)སྐོར་གྱི་འབུམ་རམས་པའི་དཔྱད་རྩོམ་བྲིས་མ་གྲུབ།  
   དེའི་རྗེས་ཁོས་སྨྱོ་ནད་སྨན་ཁང་དང་བདེ་སྲུང་གི་ལས་ཀ་གཉེར་མྱོང་ནའང་དུས་ཚོད་ཕལ་མོ་ཆེ་ལོན་ཊོན་རྒྱུན་མཐུད་སློབ་གསོའི་གླིང་དུ་རྩོམ་རིག་གི་དགེ་རྒན་མཛད།  འདི་དག་གིས་ཁོའི་རྩོམ་འབྲི་བའི་སྒོ་འཕར་ཡངས་པོར་ཕྱེ།  ཆུང་དུས་ཁྱིམ་དུ་བརྙན་འཕྲིན་མེད་པས་དཔེ་ཆ་ཀློག་པའམ་སྒྲ་སྡུད་འཕྲུལ་ཆས་ལ་ཉན་རྒྱུ་ཏེ་སྤྲོ་བ་བསངས་ཐབས་གཙོ་བོ་ཞིག་ཡིན་ཅིང་།  དེས་ཁོ་རང་དེབ་ཀློག་རྒྱུར་དགའ་བ་དང་ཚིག་ལ་རང་བཞིན་གྱིས་རྟོགས་པ་ལྡན་པ་ཞིག་ཏུ་གྱུར་སྟབས།  ཚེ་ཐོག་འདིར་རྩོམ་པ་པོ་ཞིག་བྱ་རྒྱུའི་འདུན་པ་བཅངས་ཏེ་གཞོན་ནུའི་དུས་ནས་རྩོམ་འབྲི་མགོ་བརྩམས་ཤིང་།  རྩོམ་པ་པོ་གཞན་དག་དང་འདྲ་བར་དུས་དེབ་དང་ཚགས་པར་དག་གིས་རྩོམ་ཡིག་ཕྱིར་བསློགས་ནས་ཡུན་རིང་ཕྱིན་ཏེ།  དེ་ལྟར་ལོ་ངོ་བཅོ་ལྔ་ལྷག་གི་རིང་ལ་འབད་པ་ལྷོད་མེད་བསྐྱངས་པ་བརྒྱུད་རྩོམ་པ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ལེན་ཐུབ་པ་བྱུང་། 
   ཁོས་ནི་སྒྲུང་ཐུང་འབྲི་བ་ནས་མགོ་བརྩམས་ཏེ།  སྤྱི་ལོ1980ལོར་སྒྲུང་རིང་ཐོག་མ《ཀ་ར་ཚོང་ཁང་གི་བདག་པོ》(The Sweet-Shop Owner)ཞེས་པ་སྤེལ།  དེའི་ཕྱི་ལོར《བྱ་སྒྲོའི་ཕོ་ལོང》(Shuttlecock)ཞེས་པ་བསྐྲུན་ཏེ།  ཅེ་ཧྥུ་རེ་ཧྥི་པེར་རྗེས་དྲན་བྱ་དགའ་ཐོབ།  1982ལོར་ཁོའི་སྒྲུང་ཐུང་ཕྱོགས་བསྒྲིགས《ཆུ་རྐྱལ་སྦྱོང་བ་དང་སྒྲུང་ཐུང་གཞན་དག》(Learning to Swim and Other Stories)ཅེས་པ་པར་དུ་བཏབ།  དེའི་ཕྱི་ལོར་བསྐྲུན་པའི《ཆུ་ཡི་འཇིག་རྟེན》(Waterland)ཞེས་པར་སྐད་གྲགས་ཆོད་པའི་པོ་ཁེར་བྱ་དགའ(Man Booker Prize)ཡི་མིང་ཐོ་རུ་ཚུད་ཅིང་།  《སྲུང་བ་པོ》(The Guardian)ཚགས་ཤོག་གི་སྒྲུང་གཏམ་བྱ་དགའ་དང་།  ཝི་ཉི་ཧྥུ་རེད་ཧོར་ཐི་པི་རྗེས་དྲན་བྱ་དགའ་དང་།  ཨི་ཊ་ལིའི་ཁ་ཧྥུར་བྱ་དགའ་ཐོབ།  1988ལོར་ཁོས་སྒྲུང་རིང་བཞི་པ《རྒྱ་ལས་གྲོལ་བ》(Out of the Worm)ཞེས་པ་བྲིས།    ལོ་བཞིའི་རྗེས་སུ་སྒྲུང་རིང་ལྔ་པ《ད་ནས་ཇི་སྲིད་བར》(Ever After)ཞེས་པ་བརྩམས།  1996ལོར་ཁོས་སྒྲུང་རིང་དྲུག་པ《ཁ་ཆེམས》(Last Orders)ཞེས་པ་པར་དུ་བཏབ་པར།  ལོ་དེའི་པོ་ཁེར་བྱ་དགའ་ཐོབ།  ལོ་ངོ་བདུན་གྱི་རྗེས་ཏེ་སྤྱི་ལོ2003ལོའི་ཟླ་བཞི་པར་ཁོས《ཉིན་མོའི་འོད》(The Light of Day)ཅེས་པ་དང་།  2007ལོར《སང་ཉིན》(Tomorrow)ཞེས་པ།  2009ལོར་འཁྱོག་བརྗོད་ཀྱི་རྩོམ་རིགས་མ་ཡིན་པར་ཁོའི་ལྷུག་རྩོམ་དང་སྙན་ངག  བཅར་འདྲི་དག་ཕྱོགས་གཅིག་ཏུ་བཏུས་པའི་དེབ《སེམས་ལས་བྱུང་བའི་རྩོམ་ལ་འཇུག་པ་སྒྱུ་མའི་གླང་ཆེན་བཟོ་བ》 (Macking an Elephant: Writing from Within)ཞེས་པ།  2011ལོར《ཁྱོད་རང་འདི་རུ་ཡོད་ན་ཨང》(Wish You Were Here)ཞེས་པ་བཅས་བརྩམས།   ད་བར་དུ་ཁོའི་སྒྲུང་གཏམ་དག་འཛམ་གླིང་གི་སྐད་རིགས་སུམ་ཅུར་ཉེ་བར་བསྒྱུར་ཏེ་ཀློག་པ་པོ་འབོར་ཆེན་ཞིག་མཆིས་ཤིང་།   《ཆུ་ཡི་འཇིག་རྟེན》དང《ཁ་ཆེམས》གཉིས་གློག་བརྙན་དུ་བསྒྱུར་ཏེ་ལྟད་མོ་པའི་ཡིད་ཀྱི་དབང་པོ་བཀུག་ཡོད།
   རྩོམ་པ་པོ་ཁོ་གཤིས་རྒྱུད་དུལ་ཅིང་ནམ་རྒྱུན་ཉ་འཛིན་རྒྱུར་དགའ་པོ་ཡོད་པས།  1985ལོར་དཔྱད་པ་པོ་གྲགས་ཅན་ཞིག་དང་ལྷན་དུ《རྩོམ་རིག་ནང་གི་ཉ་འཛིན་པའི་གཏམ་རྒྱུད་ཕྲེང་བ་སྒྱུ་མའི་འཁོར་ལོ》(The Magic Wheel: Anthology of Fishing in Literature)ཞེས་བྱ་བའི་དེབ་ཅིག་ཀྱང་བསྒྲིགས་མྱོང་།   སྤྱིར་སྐད་གྲགས་ཆེ་ནའང་གཤིས་ཀ་དུལ་ལ་ཟང་ཟིང་ལ་མི་དགའ་བས་བཅར་འདྲི་ལ་སོགས་དང་དུ་ལེན་པའང་ཤིན་ཏུ་ཉུང་།  ཁོའི་སྒྲུང་གཏམ་ཕལ་ཆེར་ནི་ཁོའི་ཆུང་མ་སྟེ་རྩོམ་པ་པོ་ཁང་ཏི་སི་རོ་ངྷི་ལགས་ལ་ཕུལ་བ་ཡིན།  ཁོས་རྩོམ་འབྲི་དུས་ཚོར་བ་སླེབས་མི་སླེབས་གཙོ་བོར་འཛིན་པས་སླེབས་པ་དང་དེ་མ་ཐག་ཏུ་ལུས་ལ་གདོན་ཞུགས་པ་ལྟར་དུ་འབྲི་བར་ངེས།  ནམ་རྒྱུན་ཞོགས་པའི་ཆུ་ཚོད་དྲུག་པ་ནི་ཁོའི་རྩོམ་འབྲི་བའི་ཚེ་སྐབས་ཡིད་དུ་འོང་བ་དེ་ཡིན་ཅིང་།  མ་ཕྱི་དག་ནི་ལྕགས་སྨྱུག་གིས་ཡིག་འབྲུ་རེ་རེ་བཞིན་བྲིས་ཡོང་བ་ཡིན།  རྩོམ་བྲིས་ཚར་ནས་བཅའ་བའི་དུས་ལ་སླེབས་དུས་ད་གཟོད་གློག་ཀླད་སྤྱོད་ཀྱི་ཡོད།
   སི་ཝེབ་ཐི་ཡི་རྩོམ་ལ་ཤན་ཞུགས་ཡོད་མཁན་མང་པོ་ཡོད་ལ།  དེ་དག་ལས་ཁོའི་སྒྲུང་གཏམ་དང་ཨ་རིའི་རྩོམ་པ་པོ་ཆེན་མོ་ཝིལ་ལེམ་ཧྥོལ་ཁི་ནེར(William Faukner,1897-1962)གཉིས་འདྲ་ས་མང་།  《ཆུ་ཡི་འཇིག་རྟེན》ལས《ཨབ་ས་ལོམ། ཨབ་ས་ལོམ》(Absalom, Absalom,1936)གྱི་བཟོ་དབྱིབས་མཐོང་ཐུབ།  《ཁ་ཆེམས》ལས《ང་རང་ཚེ་འཕོ་བའི་སྐབས》(As I lay Dying,1930)ཀྱི་ལུས་སྲོག་གཉིས་ཀྱི་རྣམ་པ་རིག་ཐུབ།   དེ་ལས་གཞན་ཁོས་ཏི་ཁེན་སི་ཡི་རྩོམ་སྟངས་ཀྱི་རྒྱུན་ཡང་བསྐྱངས་ཡོད་དེ།   《ཆུ་ཡི་འཇིག་རྟེན》ནི་གཅིག་ནས《རླབས་ཆེའི་འདུན་མ》(Great Expectations,1860-1861)ཞེས་པར་ལད་ཟློ་བའི་ཉམས་ཀྱིས་བྲིས་ཡོད།   དུས་སྐབས་གཅིག་གི་རྩོམ་པ་པོ་དག་ལས་ཁོའི་བསྟོད་པའི་ཡུལ་དུ་གྱུར་པ་ནི《རེ་ཏི་ཝོལ་ཁི》(Riddley Walker,1980)ཡི་རྩོམ་པ་པོ་རུ་སེལ་ཧོ་པན(Russell Hoban,1925-2011)དང་།  རྒྱལ་ཁོངས་དབྱིན་ཇི་ཡིན་པའི་འཇར་པན་གྱི་རྩོམ་པ་པོ་ཁ་ཟོ་ཨི་ཤི་གུ་རོ(Kazuo Ishiguro,1954-)དང་མོ་ཐི་མོ་སི(Timothy Mo,1950-)སོགས་ཡིན།   ཁོ་དང་ན་མཉམ་གྱི་རྩོམ་པ་པོ་དག་མཛའ་བའི་གྲོགས་སུ་གྱུར་ཡོད་ནའང་།  རྩོམ་འབྲི་བ་ནི་ཁེར་ཧྲེང་བའི་ལས་ཀ་ཞིག་ཡིན་པའི་ཕྱིར།   རྩོམ་པ་པོ་གཞན་དག་ངོ་ཤེས་པ་ནི་སེམས་གཡོ་བྱེད་ཅིག་དང་།  ཞི་བ་འཇོམས་བྱེད་ཅིག་ཡིན་པར་འདུག་པས།  རྩོམ་འབྲི་བ་ལ་དོན་གྱི་ཕན་པ་གང་ཡང་མེད་དོ། ། ཁྱོད་ལ་གྲོགས་པོ་བརྒྱ་ཕྲག་མང་པོ་མཆིས་ནའང་།  མཐར་ཐུག་དེ་དག་དང་རྒྱང་བཀྱེད་ནས་ཁེར་ཧྲེང་བའི་ངང་རྩོམ་འབྲི་བ་ལ་གཞོལ་དགོས་ཀྱི་ཡོད་ཅེས་འདོད་ཀྱི་ཡོད།
   རྩོམ་རིག་ལ་འཛིན་པའི་ལྟ་བའི་ཆ་ནས།   རྩོམ་པ་པོ་འདིས་སྒྲུང་གཏམ་འབྲི་བ་ནི་དངོས་སུ་མ་མྱང་བའི་ཀུན་རྟོག་གི་ཁམས་སུ་མྱུལ་བ་ལགས་པས།  རང་ལ་རྒྱུས་ཆེ་བ་དག་མ་ཡིན་པར།    རང་གི་མི་ཤེས་པ་དང་མངོན་སུམ་དུ་མ་མཐོང་བ་དག་འབྲི་རྒྱུ་གལ་ཆེ་ཞིང་།    དེ་མིན་ན་ནི་དོན་དངོས་སུ་བྱུང་བ་ཁ་ཤས་ཤིག་བསྟར་ལ་བསྒྲིགས་པ་ཙམ་ལས།  རྩོམ་གསར་དུ་འབྲི་བ་ནི་མ་ཡིན་པའི་ཕྱིར།  སྒྲུང་གཏམ་འབྲི་བ་ནི་རང་རེའི་ད་ལྟའི་ཤེས་པ་ཙམ་ནས་མི་ཤེས་པ་དང་མ་མཐོང་བའི་ཕྱོགས་ལ་གཞོལ་བའི་ཐབས་སམ་ལམ་རྨད་དུ་བྱུང་བ་ཞིག་གོ། །དེ་ནི་རང་གི་བདག་ཙམ་གྱི་རྒྱ་ལས་གྲོལ་ནས།  ཕ་རོལ་པོའི་འཚོ་བ་དང་།    ཡུལ་གཞན་དང་།  དུས་མི་འདྲ་བ་དང་།    གནས་སྟངས་ཁ་ཁ་དང་།    མཐོང་སྟངས་ཁྱད་པར་བ་དག་ལ་སོགས་པ་གནད་དུ་བཟུང་ནས་འབྲི་བ་ཞིག་ལགས་སོ་ཞེས་འདོད།   ཁོས་ནི་མི་སྒེར་དང་།    ཚོགས་པ་དང་།    རང་བྱུང་ཁམས་དང་།    མི་རིགས་དང་།    མིའི་རིགས་ཀྱི་ལོ་རྒྱུས་ལ་སྨྱུག་རྩེ་གཏད་དེ།    སྐབས་འགར་ཚ་འདྲི་གཏོང་བ་དང་།    ལ་ལར་དོགས་པ་འཆང་བ་དང་།    རེ་འགར་གསར་དུ་བསྐྲུན་པ་སོགས་བྱེད་ཅིང་།    སྒྲུང་གཏམ་ཚང་མ་ཧ་ལམ་གང་ཟག་བདག་གིས་རང་གི་གཏམ་རྒྱུད་འཆད་པའི་ལམ་ནས་གྲུབ་པར་བྱས་ཡོད།(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག