ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

རྩོམ་གཞུང་སྨྲ་བའི་མཁས་ཆེན་ཨེ་པུ་རམ་སི་དང་ཁོང་གི་གསུང་རྩོམ།

2015-05-06 ཟླ་བ།
   སྤྱི་ལོ2015ལོའི་ཟླ4པའི་ཚེས21ཉིན།  ནུབ་ཕྱོགས་རིག་པའི་སྡེ་ཡི་རྩོམ་རིག་གཞུང་ལུགས་པ་ཆེན་མོ།  གསུང་རྩོམ་ཆེན་པོ《མེ་ལོང་དང་སྒྲོན་མེ — འཆར་ཡན་རིང་ལུགས་ཀྱི་རྩོམ་གཞུང་དང་སྐྱོན་བརྗོད་ཀྱི་སྲོལ་རྒྱུན》(The Mirror and the Lamp: Romantic Theory and the Critical Tradition,1953)ཞེས་བྱ་བའི་རྩོམ་པ་པོ།  M. H. ཨེ་པུ་རམ་སི(M. H. Abrams,1912—2015)མཆོག་ཨ་རིའི་གྲོང་ཁྱེར་ཨི་ས་ཁ(Ithaca)རུ་སྐུ་གཤེགས་ཤིང་།  དགུང་གྲངས102ལ་སོན་ཡོད།  ཁོང་གི་གསུང་རྣམས་རྩོམ་རིག་སྐྱོན་བརྗོད་པའི་སྡེ་རུ་ལེགས་བཤད་དམ་པ་རྨ་མེད་པ་རུ་མཁས་པ་རྣམས་དགོངས་པ་མཐུན།
   ཨེ་པུ་རམ་སི་ལགས་ནི་སྤྱི་ལོ1912ལོར་ཨ་རིའི་མངའ་སྡེ་ཇེར་སེ་གསར་པ(New Jersey)ཡི་ཡ་ཧུ་ད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས།  དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང་ཧ་བར་དི་སློབ་གྲྭ་ཆེན་མོ(Harvard University)རུ་ཐོས་བསམ་མཛད་ཅིང་།  སློབ་གྲྭ་ཐོན་རྗེས་ཁོར་ནེལ་སློབ་གྲྭ་ཆེན་མོ(Cornell University)རུ་ཕེབས་ཏེ་སློབ་གྲྭ་དེ་གའི་དབྱིན་ཡིག་གི་རྩོམ་རིག་ཁྲིད་པའི་སློབ་དཔོན་ཆེན་མོ་མཛད།  ཨ་རིའི་དེང་རབས་ཀྱི་རྩོམ་རིག་སྐྱོན་བརྗོད་པ་དང་གཞུང་སྨྲ་བ་གྲགས་ཅན་ཧ་རོལ་དི་པུ་ལོམ(Harold Bloom,1930—)དང་།  དེང་རབས་ཕྱི་མའི་ལུགས་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཐོ་མ་སི་ཕེན་ཆོན(Thomas Pynchon,1937— )གཉིས་སོགས་བུ་སློབ་མང་དུ་བསྐྱངས།
   ཁོང་གི་གསུང་གྲགས་ཅན《མེ་ལོང་དང་སྒྲོན་མེ》ཞེས་པ་རུ།  “རྩོམ”དང “འཇིག་རྟེན”  “རྩོམ་པ་པོ”   “ཀློག་པ་པོ”བཅས་རྩོམ་རིག་སྐྱོན་བརྗོད་ཀྱི་རྩ་བའི་རྒྱུ་བཞི་ཡི་གཞུང་བསྟན་པ་དེས།  འཛམ་གླིང་ཟླུམ་པོའི་རྩོམ་རིག་གི་གཞུང་ལུགས་ལ་ལམ་སྟོན་ལྟ་བུ་རུ་གྱུར་ཏེ།  ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་སྦྱངས་མཁན་དག་གིས་ཅིས་ཀྱང་བཀླག་དགོས་པའི་དེབ་རྨ་མེད་པ་ཞིག་ཏུ་ཀུན་གྱིས་མཐོང་།  ཁོང་གིས་འཆར་ཡན་རིང་ལུགས་མ་བྱུང་བའི་སྔོན་དུ།  རྩོམ་རིག་ནི”མེ་ལོང”ཞིག་དང་འདྲ་བར།  ཕྱི་རོལ་གྱིའམ་མངོན་སུམ་གྱི་འཇིག་རྟེན་འདི་མེ་ལོང་དུ་འཆར་བ་ཇི་བཞིན།  བདེན་པ་བདེན་ཐུབ་དང་།  ཕྱི་ཡི་མཐོང་བ་དག་ཇི་མ་ཇི་བཞིན་དུ་འབྲི་བ་ཡིན་ལ།  ལུགས་དེ་དར་བའི་ཕྱིས་ནས་བཟུང་།  རྩོམ་འབྲི་བ་ནི”སྒྲོན་མེ”ཞིག་དང་འདྲ་ཞིང་།  ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་འདུ་བྱེད་སྣ་ཚོགས་ལ་བརྟེན་ནས།  ཕྱི་ཡི་འཇིག་རྟེན་དེ་ལ་ནང་གི་སྒྲོན་མེ་དེས་འོད་ཀྱིས་གོས་པར་བྱེད་པ་ཞིག་རེད་ཅེས་འདོད།  རྩོམ་རིག་གི་གཞུང་ཞེས་པ་མི་ཤེས་པ་ཞིག་གིས་གོ་བ་ཙམ་གྱིས་རྒྱང་བཀྱེད་ཅིང་།  དོན་སྤྱིའི་བརྡ་དང་ལྐོག་གྱུར་གྱི་ཐ་སྙད་རེ་འགའ་རུ་རློམ་པར་བྱེད་པ་མང་ནའང་།  ཨེ་པུ་རམ་སི་ལགས་ཀྱིས”མེ་ལོང”དང”སྒྲོན་མེ”ལྟ་བུ་ལ་སོགས་དཔེ་གོ་བདེ་བ།  ཚིག་ཁ་གསལ་བ།  དོན་རྒྱས་བསྡུས་རན་པའི་ལམ་ནས་ཀུན་ལ་གོ་བ་བསྐྱེད་ནུས་པ་ཞིག་བརྩམས་ཡོད།
   འདིའི་སྔ་རོལ་དུ།  ནུབ་ཕྱོགས་ཀྱི་རྩོམ་རིག་སྐྱོན་བརྗོད་པའི་སྡེ་ཡིས།  རྩོམ་པ་པོ་དང་རྩོམ་གཉིས་བར་གྱི་འབྲེལ་བ་འབའ་ཞིག་འཇུག་ཡུལ་དུ་འཛིན་པས།  ཨེ་པུ་རམ་སི་ལགས་ཀྱིས་དཔྱད་རྒྱ་ཇེ་ཡངས་ཇེ་ཟབ་ཏུ་གཏོང་བ་ལ་གཞོལ་ནས།  རྩོམ་རིག་ལ་འཇུག་པའི་རྩ་བའི་རྒྱུ་བཞི་བསྟན་ཅིང་།  དེ་དག་རེ་རེ་ཡིས་རྩོམ་རིག་གི་གཞུང་སྨྲ་བའི་གྲུབ་མཐའ་བཞི་སྟེ།  རྩོམ་འབྲི་བ་ནི་མངོན་སུམ་གྱི་འཇིག་རྟེན་ལ་ལད་ཟློ་བར་སྨྲ་བའི་ལད་ཟློས་སྨྲ་བ་དང་།  དེ་མངོན་སུམ་གྱི་སྤྱོད་ཡུལ་དུ་ཆེ་བར་འདོད་པའི་སྤྱོད་སྒོ་སྨྲ་བ།  དེས་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་མངོན་པར་མཚོན་པར་འདོད་པའི་མངོན་མཚོན་སྨྲ་བ།  དེ་ལ་ཡུལ་ཅན་ལས་ཡུལ་གཙོ་བོ་དང་ནང་ལས་ཕྱི་གཙོ་བོར་འདོད་པའི་ཡུལ་སྨྲ་བ་བཅས་སོ་སོ་མཚོན་པས།  《མེ་ལོང་དང་སྒྲོན་མེ》ནི་དུས་རབས་ཉི་ཤུའི་སྨད་ཀྱི་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་ཀྱི་ས་རིས་ཆེན་མོ་ཞིག་ཏུ་བགྲང་ཆོག  ཁོང་གིས་གསུང་དེ་ལས་གཞན《རྩོམ་རིག་བརྡ་ཆད་གསལ་མཛོད》ཅེས་པ་དང་།  《རང་བྱུང་ལས་བརྒལ་བའི་རིང་ལུགས་རང་བཞིན་མ》(1971)ཞེས་པ་སོགས་བརྩམས་ཤིང་།  《རྩོམ་རིག་བརྡ་ཆད་གསེད་འགྲོལ》(A Glossary of Literary Terms)དང《ནོར་ཏོན་དབྱིན་ཇིའི་གསུང་རྩོམ་བཏུས་དེབ》(The Norton Anthology of English LIterature)ལ་སོགས་དེབ་ཆེན་མོ་ཁ་ཤས་བསྒྲིགས་མཆིས་སོ། །

མ་རྩོམ་གྱི་དྲ་གནས།    http://www.360doc.com/content/15/0424/19/23047484_465747501.shtml
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག