ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

མཚན་ཉིད་རིག་པ་བ་སི་ལ་ཝོ་ཡེ་རི་རེག་དང་ཁོའི་གསུང་རྩོམ།

2015-04-20 ཟླ་བ།
   ད་ལྟའི་ཆར་འཛམ་བུའི་སྒང་སྤྱི་དང་ཁྱད་པར་དུ་ནུབ་ཕྱོགས་པའི་རྒྱལ་ཁབ་དག་ཏུ་གྲགས་པ་ཚ་ཚ་འུར་འུར་ངང་འབར་བཞིན་པའི།  རྒྱལ་ཁབ་སི་ལོ་ཝེ་ཉི་ཡ(Slovenia)ནས་ཡིན་པའི་མཚན་ཉིད་རིག་པ་སྨྲ་བ་སི་ལ་ཝོ་ཡེ་རི་རེག(Slavoj Žižek)མཆོག་ནི་མཚན་ཉིད་རིག་པ་བ་དང་སྤྱི་ཚོགས་རིག་པ་སྨྲ་བ།   རིག་གནས་དགག་རྒྱག་པ།   སེམས་རྣམ་འབྱེད(psychoanalysis) 1ཀྱི་གྲུབ་མཐའ་སྟེ་ལ་ཁན(Jacaueo Lacan,1901-1981)2གྱི་རྗེས་འཇུག་པ་གཙོ་བོ་ཞིག་ཡིན།  མཚན་ཉིད་རིག་པའི་གྲུབ་མཐའི་ཆ་ནས་དེང་རབས་རིང་ལུགས་ཕྱི་མའི་མཚན་ཉིད་རིག་པ(Postmodernism philosophy)3དང་།  མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ(Marxist philosophy)ཀྱི་ཁོངས་སུ་གཏོགས་པ་དང་།  མཚན་ཉིད་རིག་པའི་རིགས་ལམ་གྱིས་འཇུག་པའི་ཡུལ་ནི་ཡོད་པ་སྨྲ་བ(Existentialism)4དང་།  གློག་བརྙན་གྱི་གཞུང་ལུགས།  ལ་ཁན་གྱི་གྲུབ་མཐའ་བཅས་ཡིན་པ་རེད་ལ།  འཇུག་པའི་ཐབས་ནི་སེམས་རྣམ་འབྱེད་དང་།  བདག་གི་རང་བཞིན།(Subjectivity)  འདུ་ཤེས་འཛིན་སྟངས(Ideology)དང་འཇིག་རྟེན་པའི་རིག་གནས་བཅས་གཞི་གཅིག་ཏུ་བསྲེས་ནས་རིག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་གཞན་ལས་ཁྱད་པར་དུ་གྱུར་པ་ཞིག་གྲུབ་ཡོད་པས།  དུས་རབས20པའི་ལོ་རབས་དགུ་བཅུའི་རྗེས་ནས་རྒྱལ་སྤྱིའི་རིག་གཞུང་གི་སྟེགས་བུ་རུ་གྲགས་པ་འབར་བའི་རིག་པ་སྨྲ་བ་ཞིག་ཏུ་གྱུར་ཞིང་།  ཁ་ཤས་ཀྱིས་ཁོ་ནི་ཧེ་གེལ(Georg Wilhelm Friedrich Hegel,1770-1831)5ལུགས་ཀྱི་མཚན་ཉིད་རིག་པ་བ་ཞིག་རེད་ཅེས་བསྟོད་པ་གནང་ཡོད།

   ཁོ་སྤྱི་ལོར1949ལོར་སྐྱེས་ཤིང་ཁྱིམ་གྱི་བྱིས་པ་གཅིག་པུ་ཡིན།  ལོ་བཅུ་ཙམ་གྱི་དུས་ནས་གློག་བརྙན་དང་དཔེ་ཆ་ལ་དགའ་ཞིང་ལ་པ་སེན་སི་སི་སློབ་ཆེན(Universitas Labacensis)གྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་དུ་ལ་ཁན་དང་ཏེ་རི་ད(Derrida,1930-2004)6།  ཁི་རི་སི་ཐི་ཝ(Julia Kristeva,1941-)7དང་ཡོ་རོབ་སྐམ་སའི་མཚན་ཉིད་རིག་པ་གཞན་དག་གི་གསུང་རྩོམ་ལ་དཔྱད་པ་གནང་ཡོད།  ཡིན་ནའང་ཁོས་དཔྱད་རྩོམ་དེའི་མཇུག་ཏུ་མར་ཁེ་སི་རིང་ལུགས་ཀྱི་ལམ་ནས་གོང་གི་མཚན་ཉིད་རིག་པ་བ་དེ་དག་གི་གསུང་རྩོམ་ལ་དགག་པ་ཚ་ནན་ཞིག་མ་མཛད་པར་དཔྱད་འདེམས་པ་དག་གི་ཁས་ལེན་མ་ཐོབ།  དཔྱད་རྩོམ་ཡོངས་སུ་འགྲུབ་ནའང་ཁོ་ལ་སློབ་གྲྭ་དེ་གའི་དགེ་རྒན་གྱི་ལས་ཀ་མ་ཐོབ་པས།  1967ལོར་སློབ་ཆེན་དེ་གར་ཐོས་བསམ་མཛད་མཐར་རྩོམ་རིག་སྒྱུ་རྩལ་གྱི་འབུམ་རམས་པའི་བསླབ་གནས་བླངས་པ་དང་།  ཕྱིས་ཧྥ་རན་སི་རུ་འགྲིམ་ནས་ཕ་རི་སིའི་སློབ་ཆེན་བརྒྱད་པ(Université de Paris VIII)8རུ་སེམས་རྣམ་འབྱེད་ཀྱི་རིག་པ་ལ་གསན་བསམ་གནང་།  ལ་ཁན་ཚང་གི་མག་པ་དང་ཁོའི་རིག་པའི་རྒྱུན་འཛིན་པ་ར་ཁེ་ཨ་ལེན་མི་ལེར(Jacques-Alain Miller,1944-)9གྱི་མཛུབ་སྟོན་འོག་སེམས་རྣམ་འབྱེད་ཀྱི་གྲུབ་མཐའ་རུ་འཇུག་མགོ་བརྩམས།

   ཁོའི་གསུང་རྩོམ་དག་ད་ལྟ་འཛམ་གླིང་གི་སྐད་རིགས20ལྷག་ལ་བསྒྱུར་ཡོད་ཅིང་།  ཁོའི་བརྗོད་གཞི་ནི་ཤིན་ཏུ་རྒྱ་ཆེ་བ་སྟེ།  ཧི་ཆི་ཁོ་ཁེ(Alfred Hithcock,1899-1980)10དང་།    ལེ་ཉིན(Lenin,1870-1924)།  ཨོ་ཕུ་ར(Opera)11།  9/11འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་སོགས་ཆེས་ཆེར་འབྲེལ་བ་མེད་པ་དག་ཕྱོགས་གཅིག་ཏུ་བསྡུས་ནས།  ཡིད་ལ་གང་ཤར་ཇི་བཞིན་འབྲི་བའི་ཁ་བརྡའི་ཉམས་ཀྱི་རྩོམ་ཐབས་ལ་བརྟེན་ཏེ།  སེམས་རྣམ་འབྱེད་དང་ཆབ་སྲིད།  ཆགས་གཏམ་ལ་སོགས་པ་ལུས་གཅིག་ཏུ་ཤར་མར་སྤེལ་ནས་མི་རྣམས་སད་པར་བྱེད་པ་དང་།  དངངས་པར་བྱེད་པའི་ལྟ་བ་དག་ངག་སྒོར་ཕྱུང་ཡོད་པ་རེད།  ཁོས་སྔ་ཕྱིར་ལོན་ཏོན་སློབ་ཆེན་གྱི་པི་རིག་པེག་སློབ་གླིང(Brikbeck College, University of London)དང་།  ཧྥ་རན་སིའི་ཕ་རི་སི་སློབ་ཆེན་བརྒྱད་པ།  ཨ་རིའི་མིན་ཉེ་སོ་ཐ་སློབ་ཆེན(University of Minnesota)།  ཁོ་ལུམ་པི་ཡ་སློབ་ཆེན(Columbia University)།   ཕུ་རིན་སེ་ཐོན་སློབ་ཆེན(Princeton University)སོགས་སུ་དཔེ་ཁྲིད་གནང་མྱོང་བར་མ་ཟད།  སེམས་རྣམ་འབྱེད་ལ་སོགས་པའི་མཚན་ཉིད་རིག་པའི་གྲུབ་མཐའ་མང་པོ་དང་རིག་གནས་དགག་རྒྱག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་མང་པོར་ཞུགས་མྱོང་བ་རེད།  ཁོ་གཉེན་ཐེངས་གཉིས་ལ་བསྒྲིགས་ཤིང་ཐེངས་གཉིས་ལ་འཐོར་ཏེ།  རེ་རེར་བུ་ལོ30ཅན་ཞིག་དང་།  ལོ3ཅན་ཞིག་ཤུལ་ཏུ་བསྐྱུར་ཡོད།  ལ་པ་སེན་སི་སི་རུ་ཁོ་སྡོད་ཁང་ཆུང་ངུ་ཞིག་ཏུ་གནས་བཅས་ཤིང་ཁང་པའི་ནང་དུ་མི་གཅིག་ཉལ་སའི་མལ་ཁྲི་གཉིས་དང་།  བརྙན་འཕྲིན་ཞིག  བརྙན་ཐག་འཁོར་བྱེད་ཅིག  DVDགཏོང་བྱེད་ཅིག  ཅོག་ཙེ་ཞིག  ལག་ཁྱེར་གློག་ཀླད་ཅིག་བཅས་ཡོད་པ་དང་།  གྱང་འགྲམ་གྱི་དཔེ་སྟེགས་སྟེང་དུ་དཔེ་ཆ་དང་བརྙན་ཐག་མང་པོ་བསྟར་འདུག  “ང་ལ་མཚོན་ན་བརྙན་ཐག་དངDVDཡིས་གློག་བརྙན་བརླག་འདུག  ངས་ད་ལྟ་གློག་བརྙན་ལ་ལྟ་ཡི་མེད་པར་ཉོ་ཡི་ཡོད།  ཉོས་རྗེས་རང་ལ་དབང་སོང་བ་རེད།  གློག་བརྙན་གང་ཞིག་རང་ལ་དབང་བའི་རྗེས་སུ་ད་དུང་དེ་ལ་བལྟས་ནས་ཅི་ཞིག་བྱའམ།”   ཁོའི་དཔེ་སྟེགས་སྟེང་དུ་གཞུང་ལུགས་ཀྱི་དཔེ་ཆ་མ་ཟད་སྒྲུང་གཏམ་གྱི་དེབ་དཀྱུས་མའང་མང་པོ་ཡོད།  ཁོ་རང་ཆེས་ཀློག་རྒྱུར་དགའ་ས་ནི་གྱོད་ཞིབ་སྒྲུང་གཏམ(Detective Story)12རེད།

   མར་ཁེ་སིའི་རིང་ལུགས་ཀྱི་ལྟ་བ་འཛིན་པའི་རྩོམ་རིག་དང་རིག་གནས་དཔྱད་པ་པོ་ཅམ་སོན(Fredric R. Jameson)13གྱིས”རི་རེག་གིས་སྒྲ་ཁྱད་པར་བ་ཞིག་བཏོན་ཡོད་ཅིང་འུ་ཅག་གིས་ཉེ་བའི་ལོ་མང་པོའི་རིང་ཡང་དང་ཡང་དུ་དེ་ལ་གསན་དགོས”ཞེས་དང་།   རྩོམ་རིག་དཔྱད་པ་པོ་གྲགས་ཅན་དབྱིག་ལེ་ཐོན(Terry Eagleton,1943-)14གྱིས”ཡོ་རོབ་ཀྱི་ཉེ་བའི་ལོ་ངོ་བཅུ་ལྷག་རིང་གི་བསམ་བློ་པ་ཆེས་གཙོ་བོ་ཞིག”ཅེས་དང་།   ཨ་རིའི་དཔྱད་པ་པོ་རེ་པི་ཁ་མི་དེ(Rebecca Mead)ཞེས་བྱ་བས《ཉིག་ཡོག་པ》ཡི་སྟེང་དུ”གནམ་ལས་བབས་པའི་ཏི་འོ་ཀེ་ནེ་སི(Diogenēs,སྤྱི་ལོ་སྔོན་གྱི412-སྤྱི་ལོ་སྔོན་གྱི324)15”ཞེས་བསྔགས་པའི་མེ་ཏོག་གཏོར་ཡོད་པ་རེད།  1990ལོར་ཁོ་ད་དུང་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འདེམས་བསྐོ་ལའང་ཞུགས་མྱོང་བ་རེད།  ཡིན་ནའང་དེའང་ཁོའི་རྩོམ་དང་ལས་ཀ་གཞན་དག་ནང་བཞིན་ཀུ་རེ་དང་ཟུར་ཟའི་ཉམས་དང་ལྡན་པ་ཞིག་རེད་དེ།  ཁོས་གལ་སྲིད་ཁོ་རང་སྲིད་འཛིན་ལ་བདམས་ཚེ་ཁོའི་བྱ་བ་དང་པོ་ནི་ཧ་ལམ་སྲིད་འཛིན་གྱི་ལས་ཀ་སྐྱུར་རྒྱུ་དེ་ཡིན།  དེ་ནི་ཉིན་རེར་ཆུ་ཚོད24རིང་ལ་མཚམས་མེད་པར་གཉེར་དགོས་པའི་སྤྱི་ཚོགས་ཀྱི་འགན་ཁུར་གླེན་ཞད་ཚ་བ་ཞིག་རེད་ཅེས་ཀྱལ་ཀ་བསླངས་ཡོད་པ་རེད།

   ཁོང་གི་གསུང་རྩོམ་གྱི་ནང་དུ་རྒྱུན་པར་སྤྱོད་པའི་བརྡ་ཆད་གཙོ་བོ་ཁག་ཅིག་ཡོད་པ་རེད་དེ།  དེ་དག་ནི”སེམས་ལྡན་ནམ་བདག་གམ་ཆོས་ཅན”(Subject)དང་།   “ཀུན་ཏུ་རྟོག་པའམ་བློས་བྱས་པ”(Imaginary)།  “མཚོན་བྱེད་ཀྱི”(Symbolic)།   ”བདེན་པའམ་མངོན་སུམ”(Real)།   ”ཕ་རོལ་པོའམ་གཞན་དག”(Others)ལ་སོགས་པ་ཡིན།  གལ་ཏེ་ཏེ་རི་ད་ཡིས་ཕ་རོལ་པོ་ཡིད་འདྲེན་པར་བྱེད་པའི་རྒྱུ་ནི་ཁོའི་མི་རྣམས་བཟི་བར་བྱེད་པའི་གཞུང་ལུགས་ཟབ་མོ་གོ་དཀའ་བ་དེ་ཡིན་ཞིང་།  ཧྥོ་ཁོལ་ཐི(Michel Foucault,1926-1984)16ཡི་ནི་ཕོ་མོའི་མཚན་མའི་སྟེང་ལ་བཟུང་བའི་ལྟ་བ་མཁྲེགས་པོ་དེ་ཡིན་པར་འཚལ་ན།  རི་རེག་གི་ནི་མི་ཐམས་ཅད་ལ་གསལ་ཆ་ཡོད་པའི་ཁོའི་ཡ་མ་བརླ་དང་ཁུངས་མེད་ཀྱི་ལྟ་སྤྱོད་དག་ཡིན་པར་ངེས།  རིག་པ་སྨྲ་བ་གཞན་དག་དང་མི་འདྲ་བར་ཁོ་ལ་སློབ་མ་གཅིག་ཀྱང་མེད་པས་རི་རེག་གི་གྲུབ་མཐའ་ཞེས་པའང་ཞིག་ཀྱང་གྲུབ་ཏུ་མེད།  ཁོས་ཐ་ན་རང་གི་དགག་རྒྱག་གི་ཐབས་ལམ་དེ་སྤྱད་ནས་རང་གི་ལྟ་གྲུབ་དག་ལའང་དགག་པ་གཏོང་ཞིང་།   སྤྱི་ཚོགས་ཀྱིའམ་རང་བྱུང་གི་སྣང་ཚུལ་ཅི་ཡང་གཏོང་གི་མེད་པར་དེ་དག་གཞུང་ལུགས་ཀྱི་རང་བཞིན་ཅན་དུ་གཏོང་གི་ཡོད།   དཔེར་ན་ཁོས་མི་རྣམས་གློག་སྐས་ནང་དུ་སྡོད་དུས་མཚམས་མེད་པར་སྒོ་གཏན་བྱེད་ཀྱི་མཐེབ་གནོན་དེ་ཡང་དང་ཡང་དུ་གནོན་གྱི་ཡོད་པ་མཐོང་ནས།  སྒོ་གཏན་མཐེབ་གནོན་ཡང་ཡང་མནན་པ་དེས་སྒོ་རྒྱག་པ་ཇེ་མགྱོགས་སུ་གཏོང་མི་ཐུབ་ནའང་།  དེས་མི་རྣམས་ལ་རང་གི་བྱ་བ་དེས་སྒོ་རྒྱག་པ་མགྱོགས་སུ་བཏང་བའི་འཁྲུལ་སྣང་ཞིག་སྟེར་གྱི་ཡོད་པ་རེད།  འཁྲུལ་སྣང་དེ་དང་ནུབ་ཕྱོགས་ཀྱི་རང་དབང་དམངས་གཙོའི་སྤྱི་ཚོགས་ནང་གི་སྐྱབས་རེ་མེད་པའི་སྤྱི་དམངས་ཀྱི་ངང་ཚུལ་དང་འདྲ་བ་སྟེ།  སྤྱི་དམངས་འདི་དག་གིས་འདེམས་ཤོག་འཕངས་པ་ལས་རང་ཉིད་ཆབ་སྲིད་ཀྱི་བྱེད་སྒོ་ལ་ཞུགས་ཡོད་སྙམ་གྱི་ཡོད་ནའང་།  དོན་ལ་ཏང་ཁག་གཉིས་ཀྱིས་སྔ་མོ་ནས་གྲོས་བྱས་ཏེ་ལྟ་བ་མཐུན་པོ་བྱུང་ཡོད་པས།  སྤྱི་དམངས་འདི་དག་ལ་གདམ་གསེས་བྱ་བའི་ཡུལ་ཞིག་གཏན་ནས་མེད།  དེ་ནི་གློག་སྐས་ཀྱི་མཐེབ་སྒོ་གནོན་པའི་འཁྲུལ་སྣང་དང་འདྲ་བོ་རེད་ཅེས་གསུངས་ཡོད།  

   ཁོང་གི་གསུང་རྩོམ་ལ《འདུ་ཤེས་འཛིན་སྟངས་ཀྱི་བླ་ན་མེད་པའི་གཟུང་ཡུལ》(The Sublime Object of Ideology,1989)དང་།  《ཆག་པར་སླ་བའི་ལྟོས་མེད།  ཡེ་ཤུའི་ཆོས་རྒྱུན་སྐྱོབ་པའི་དགོས་པ》(The Fragile Absolute, or Why the Cristian Legacy is Worth Fighting For,2000)།《བདེ་སྣང་གི་འཁོར་ལོ།  བུད་མེད་དང་རྒྱུ་འབྲས་ཀྱི་རང་བཞིན་གླེང་བའི་རབ་བྱེད་དྲུག》(The Metastases of Enjoyment: Six Essays on Woman and Causality,1994)།《སུ་ཞིག་གིས་སྲིད་དབང་སྒེར་སྡོམ་རིང་ལུགས་གླེང་མྱོང་ངམ》(Did Somebody Say Totalitarianism?,2001)《འཕྲུལ་སྣང་གི་ནད་ཡམས》(The Plague of Fantasies,1997)ལ་སོགས་བརྩམས་དེབ་དང་།  《ཧི་ཆི་ཁོ་ཁེ་ལ་འདྲི་མི་སྤོབས་པ་དག་ལ་ཁན་ལ་འདྲི་བར་གྱིས》(Everything You Always Want to Know About Lacan(But Were Afraid to Ask Hitchcock),1992)དང་། 《རི་རེག་གི་ཀློག་དེབ》(The Žižek Reader,1999)སོགས་བསྒྲིགས་དེབ་ཀྱང་མང་དུ་མཆིས།  ཁོང་གི་གསུང་རྩོམ་ལ་མཇལ་འདོད་པའི་ཀློག་པ་པོ་དག་གིས་གཤམ་གྱི་དྲ་ལམ་དག་བརྒྱུད་ནས་སྐད་རིགས་མི་འདྲ་བའི་ལམ་གྱི་ཁོའི་གསུང་དག་བཀླག་ཐུབ་ཀྱི་ཡོད།

དབྱིན་ཡིག་གི་ཡིག་ཆ། www.lacan.com/frameziz.htm
རྒྱལ་སྤྱིའི་དུས་དེབ། www.zizekstudies.org
རི་རེག་གི་དྲ་བ།  www.iol.ie/~phenry/test_000013.htm
རྒྱ་ཡིག་གི་ལམ་གྱི་དྲ་གནས།  www.douban.com/group/s-zizek/
རི་རེག་གི་ལྷན་ཚོགས།  www.zizeksociety.org

མཆན།
1 གྲུབ་མཐའ་འདི་ནི་ཧྥུ་རོ་དེ(S. Freud,1856-1939)ལས་དར་ཞིང་།  ཁོས་མིའི་འདུ་ཤེས་ལ་འདུ་ཤེས་དང་གཏིང་གི་འདུ་ཤེས་གཉིས་ཡོད་པར་འདོད་པ་དང་།  མི་གཞི་ལ་ལྷན་སྐྱེས་ཀྱི་བདག་དང་རྗེས་གྲུབ་ཀྱི་བདག་དང་ཕ་རོལ་སོན་པའི་བདག་ཅེས་བདག་གསུམ་དུ་ཕྱེ་ཡོད།  རིག་པ་འདི་རྗེས་སུ་ཤིན་ཏུ་དར་ནས་གྲུབ་མཐའ་འམ་ལྟ་བ་འཛིན་པ་མང་དུ་བྱུང་མོད་འདིར་རྒྱས་པར་མ་བཀོད།
2 ཧྥ་རན་སིའི་སེམས་ཁམས་རིག་པ་བ་གྲགས་ཅན།  འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཡོ་རོབ་ལ་སྐད་གྲགས་ཆོད་པའི་སེམས་རྣམ་འབྱེད་ཀྱི་གྲུབ་མཐའ་འཛིན་པ་པོ།  ཧྥ་རན་སིའི་ཧྥུ་རོ་དེ་ཞེས་སུ་གྲགས་པ་གང་དེའོ། །
3 དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ཡས་མས་སུ་ནུབ་ཕྱོགས་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དག་ཏུ་དར་བའི་ལྟ་བ་དང་རིག་པའི་གཞུང་ལུགས་དག་ལ་གོའོ།།
4 ཡོད་པ་སྨྲ་བ་འདིས་མི་ལྟེ་བ་རུ་བྱས་ནས་དེའི་རང་གཤིས་དང་རང་དབང་ལ་མཐོང་ཆེན་བྱེད་ཅིང་།  མི་འཇིག་རྟེན་དུ་ཡོད་པ་ལ་སྙིང་པོ་ཅི་ཡང་མེད་ནའང་།  མིས་དེ་ལ་སྙིང་པོ་བཟོས་ཆོག་པར་འདོད།
5 འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་མོ།  ཁོའི་ལྟ་བ་ནི་མར་ཁེ་སིའི་དངོས་ཡོད་རིང་ལུགས་ཀྱི་རྩོད་སྒྲུབ་སྨྲ་བའི་ཁུངས་གཙོ་བོ་ཡིན།  གསུང་རྩོམ་ལ《སེམས་ཀྱི་སྣང་ཚུལ་རིག་པ》(Phaenomenologie des Geistes,1806)དང་།  《གཏན་ཚིགས་ཀྱི་རིག་པ》(Wissenschaft der Logik,1812-1816)།  《མཛེས་པའི་སྒྱུ་རྩལ་གྱི་ཁྲིད》(Lectures on Fine Art)ཞེས་པ་སོགས་ཡོད།
6 ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་བརྡ་མཚོན་སྨྲ་བ།  རྩོམ་གཞུང་སྨྲ་བ་ཞིག་ཡིན།  ཁོས་སྒྲིག་གཞི་རིང་ལུགས་ཀྱི་གཞུང་ལ་དགག་པ་ཚ་ནན་བཏང་ནས་སྒྲིག་བཤིག་རིང་ལུགས་ཀྱི་སྲོལ་ཕྱེས།  གསུང་རྩོམ་ལ《རྩོམ་པ་དང་ཧེ་བག》(Writing and Difference,1967)དང་།  《ཕ་རོལ་པོའི་རྣ་བ》(The Ear of the Other,1982)།  《འཆི་བདག་གི་ལག་སྐྱེས》(The Gift of Death,1992)སོགས་ཡོད།
7 ཕ་ཡུལ་པོ་ག་རི་ཡ()ནས་ཡིན་པའི་ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་རྩོམ་རིག་དཔྱད་པ་པོ།  བུད་མེད་རིང་ལུགས་པ་འཛིན་མཁན།  ཕ་རི་སིའི་སློབ་ཆེན་བདུན་པའི་སྐད་བརྡ་རིག་པའི་སློབ་དཔོན་ཆེན་མོ་བཅས་ཡིན།  གསུང་རྩོམ་ལ《བརྡ་མཚོན་རིག་པ།  བརྡ་དོན་རྣམ་པར་འབྱེད་པ》(éméiôtiké: recherches pour une sémanalyse,1969)《སེམས་ནད་གསར་པ》(New Maladies of the Soul,1995)དང་།   《འུ་ཅག་རང་ཉིད་ཀྱི་ཆ་མེད》(Strangers to Ourselves,1991)སོགས་ཡོད།
8 ཧྥ་རན་སིའི་གཞུང་བཙུགས་སློབ་ཆེན་གྲགས་ཅན་ཞིག་ཡིན།
9 ཧྥ་རན་སིའི་སེམས་རྣམ་འབྱེད་སྨྲ་བ་དང་རྩོམ་པ་པོ།  ཁོས་ལ་ཁན་སྐོར་གྱི་ལྗགས་རྩོམ་མང་དུ་མཛད་ཡོད།
10 གློག་བརྙན་འཁྲབ་ཁྲིད་པ་ཆེན་མོ།  གློག་བརྙན་ལ《རྒྱབ་ཀྱི་སྒེའུ་ཁུང》(Rear Window)དང《བླ་འཁྱམས་པའི་སྒྲུང》(Psycho)《རེ་པེ་ཁ》(Rebecca)སོགས་ཡོད།
11 ནུབ་ཕྱོགས་ཀྱི་གར་སྟེགས་སྒྱུ་རྩལ་གྱི་རིགས་ཤིག་སྟེ།  གཙོ་བོར་གཞས་གཏོང་བའི་ལམ་ནས་ཟློས་གར་གྱི་གཏམ་རྒྱུད་དབྱངས་སུ་ལེན་པ་ཞིག་གོ །
12 སྒྲུང་གཏམ་རྒྱུགས་ཤིན་ཏུ་ཆེ་བའི་རིགས་ཤིག་སྟེ།  གཙོ་བོར་གྱོད་དོན་གང་ཞིག་རྩད་ཞིབ་བྱེད་པའི་བརྒྱུད་རིམ་སྒྲུང་དུ་འབྲི་བ་ཞིག་ཡིན།  འདིས་ཡིད་འགུག་སླ་བས་ཤིན་ཏུ་དར་ཆེ།
13 མར་ཁེ་སིའི་རིང་ལུགས་ཀྱི་རྩོམ་རིག་དཔྱད་པ་པོ་དང་རིག་གནས་དགག་རྒྱག་པ།  གསུང་རྩོམ་ལ 《མར་ཁེ་སིའི་རིང་ལུགས་དང་རྣམ་པ》(Marxism and Form,1971)དང་།   《དུས་ཀྱི་ས་བོན》(The Seeds of Time,1996)།  《དེང་རབས་རིང་ལུགས་ཕྱི་མའམ།  མ་རྩ་རིང་ལུགས་ཕྱི་དར་གྱི་རིག་གནས་ཀྱི་གཏན་ཚིགས》(Postmodernism, or, the Cultural Logic of Late Capitalism,1990)ཞེས་པ་སོགས་ཡོད།
14 མར་ཁེ་སིའི་རིང་ལུགས་ཀྱི་ལྟ་བ་འཛིན་པའི་རྩོམ་རིག་སྨྲ་བ་དང་རིག་གནས་སྐྱོན་བརྗོད་གནང་མཁན་ཞིག་ཡིན།  གསུང་རྩོམ་ལ《སྐྱོན་བརྗོད་དང་འདུ་ཤེས་འཛིན་སྟངས།  མར་ཁེ་སིའི་རིང་ལུགས་ཀྱི་རྩོམ་རིག་གཞུང་ལུགས་ལ་འཇུག་པ》(Criticism and Ideology: A Study in Marxist Literary Theory,1976)དང་།  《ཝ་ཐེར་པེན་ཅ་མིན།  ཡང་ན་ཤིན་ཏུ་གསར་པའི་སྐྱོན་བརྗོད་ཀྱི་ལམ་ལ་འཇུག་པ》(Water Benjamin, or towards a Revolutionary Criticism,1981)།  《དེང་རབས་ཕྱི་མའི་རིང་ལུགས་ཀྱི་འཁྲུལ་སྣང》(The Illusions of Postmodernism, 1996)།  《རིག་གནས་ཀྱི་འདུ་ཤེས》(The Idea of Culture,2000)ཞེས་པ་སོགས་ཡོད།
15 གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་བ་གྲགས་ཅན།  དཀའ་ཐུབ་པའི་གྲུབ་མཐའ་སྐྱོང་མཁན་ཞིག་ཡིན་པར་གྲགས།
16 ཧྥ་རན་སིའི་མཚན་ཉིད་རིག་པ་བ་དང་སྤྱི་ཚོགས་བསམ་བློ་པ་ཞིག་ཡིན།  གསུང་རྩོམ་ལ《ཐ་སྙད་དང་ཆོས》(Les Mots et les choses: une archéologie des sciences humaines,1966)དང་།  《ཤེས་བྱའི་གནའ་དཔྱད་རིག་པ》(L’Archéologie du Savoir,1969)།  《འདོད་པའི་ལོ་རྒྱུས》(Histoire de la sexualité,1976-1984)སོགས་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག