རྩོམ་པ་པོའི་འདྲ་པར།
ཉེ་བའི་ཆར་ཏེ་ཟླ4པའི་ཚེས21ཉིན། དགུང་ལོ་བརྒྱད་ཅུ་གྱ་བཞི་ལ་སོན་པའི་ཨ་རིའི་མི་ནག་སྐྱེས་མ་རྩོམ་པ་པོ་ཐོ་ཉི་མོར་རི་སོན(Toni Morrison,1931-)ལགས་ཀྱིས་མོའི་སྒྲུང་རིང་དེབ་བཅུ་གཅིག་པ《འཇིག་རྟེན་བྱེད་པོས་བྱིས་པ་སྐྱོབ》(God Help the Child)ཅེས་པ་པར་དུ་བཏབ་ཅིང་། དཔར་ཐེངས་ཐོག་མ་ལ་དེབ་གྲངས་འབུམ་གཉིས་ལྷག་ཏུ་སོན་ཡོད། ཐོ་ཉི་མོར་རི་སོན་ལགས་ནི་ད་ལྟའི་འཛམ་གླིང་ཁྱོན་གྱི་རྩོམ་པ་པོ་གྲགས་པ་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། སྤྱི་ལོ1993ལོར་མོའི་གསུང་བཏུས་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ། གཞན་ཨ་རིའི་དཔེ་ཆའི་བྱ་དགའ(American Book Award)དང་། རྒྱལ་ཁབ་ཀྱི་དེབ་དཔྱད་པའི་སྡེ་ཡི་བྱ་དགའ(National Book Critics Circle Aword)དང་། ཕུ་ལི་ཚེར་བྱ་དགའ(Pulitzer Prize for Fiction)དང་། ཨ་རིའི་སྒྱུ་རྩལ་དང་རྩོམ་རིག་སློབ་གླིང་གི་བྱ་དགའ(American Academy and Institute of Arts and Letters Award)སོགས་ཐོབ་མྱོང་། མོའི་སྒྲུང་གཏམ་དག་ནི་བརྩེ་བ་དྲག་ཏུ་ཁོལ་བ། ཚིག་བརྗིད་ཅིང་སྙན་ངག་གི་ཉམས་ཀྱིས་ཕྱུག་པ། ཨ་རིའི་མི་ནག་དག་འཚོ་བ་བྲིས་པ་ཞིབ་ཅིང་ཕྲ་བས་གྲགས་ཆེ།
ཁོ་མོ་ནི་ཨ་རིའི་སྒྲུང་གཏམ་པ་དང་། རྩོམ་སྒྲིག་པ། སློབ་དཔོན་ཆེན་མོ་ཞིག་ཡིན་ཅིང་། སྤྱི་ལོ1931ལོར་ཨ་རིའི་མངའ་སྡེ་ཨོ་ཧ་ཡོ(Ohio)ཡི་ལོ་རེན(Lorain)ཞེས་བྱ་བའི་ཡུལ་དུ་སྐྱེས། ཡབ་ནི་བཟོ་བ་ཞིག་དང་ཡུམ་ནི་མི་དཀར་ཁྱིམ་ཚང་ཞིག་གི་གཡོག་མོ་ཡིན། མོས1949ལོར་སྦྱངས་འབྲས་ཕུལ་དུ་བྱུང་བ་བླངས་ནས་སྐབས་དེར་ཆེད་དུ་མི་ནག་ལ་བཟོས་པའི་ཧོ་ཝར་དེ་སློབ་ཆེན(Howard University)དུ་འགྲིམ་སྟེ་དབྱིན་ཡིག་དང་གནའ་བོའི་རྩོམ་རིག་ལ་དོན་གཉེར་མཛད། སློབ་གྲྭ་ཆེན་མོ་ཐོན་རྗེས་ཁོར་ནེལ་སློབ་ཆེན(Cornell University)དུ་ཧྥོལ་ཁི་ནེར(William Faulkner, 1897-1962)དང་ཝོལ་ཧྥུ(Thomas Wolfe,1900-1938)ཡི་སྒྲུང་གཏམ་ལ་ཉམས་ཞིབ་གནང་ནས་རབ་འབྱམས་པའི་བསླབ་གནས་ཐོབ་པ་དང་། ཐེ་ཁི་ས་སིའི་ལྷོ་ཕྱོགས་སློབ་ཆེན(Texas Southern University)དང་ཧོ་ཝར་དེ་སློབ་ཆེན་དུ་དགེ་རྒན་མཛད་ཅིང་། 1966ལོར་ཉིག་ཡོག་གི་རན་ཏོམ་དཔེ་སྐྲུན་ཁང(Random House)གི་རྩོམ་སྒྲིག་པ་ཆེན་མོ་གནང་།
མོས་བསྒྲིགས་པའི་དེབ《མི་ནག་གི་དེབ་ཐེར》(The Black Book)ཞེས་པར་ཨ་རིའི་མི་ནག་གི་ལོ་ངོ་སུམ་བརྒྱའི་རིང་གི་ལོ་རྒྱུས་ཇི་བཞིན་དུ་བཀོད་ཡོད་པས་ཨ་རིའི་མི་ནག་གི་ལོ་རྒྱུས་སྐོར་གྱི་མཛོད་ཆེན་ལྟ་བུ་རུ་མཐོང་གིན་ཡོད། ལོ་རབས་བདུན་ཅུ་པ་ནས་བཟུང་མོའི་ཉིག་ཡོག་གི་མངའ་སྡེའི་སློབ་ཆེན(the State University of New York)སོགས་སུ་ཨ་རིའི་མི་ནག་གི་རྩོམ་རིག་ཁྲིད་མགོ་བརྩམས་ཤིང་། ཉིག་ཡོག་དུས་བབ་ཀྱི་གཟའ་རེའི་དེབ་དཔྱད་གསར་ཤོག་ཏུ་དེབ་དཔྱད་སྐོར་གྱི་རྩོམ་རྨད་དུ་བྱུང་བ30ལྷག་སྤེལ། 1987ལོ་ནས་ཕུ་རིན་སེ་ཐོན་སློབ་ཆེན(Princeton University)དུ་སློབ་དཔོན་མཛད་ནས་རྩོམ་པ་ལ་འཇུག་པའི་ཐབས་ལམ་སྐོར་ཁྲིད་པས། མོ་ནི་མཁས་པའི་བརྟུལ་ཞུགས་སྐྱོང་བའི་སྒྲུང་གཏམ་པ་ཞིག་ཏུ་འདོད་ཆོག
དེབ་ཀྱི་འདྲ་པར།
མོའི་བྱས་པ་དག་ལས་ཆེས་མཆོག་ཏུ་གྱུར་པ་ནི་སྒྲུང་རིང་དག་ཡིན། དེ་དག་ལོ་ཡི་རིམ་པ་ལྟར་བསྒྲིགས་ན་ནི། 《མིག་ཟུང་ཆེས་སྔོན་པོ》(The Bluest Eye,1970)དང་། 《སུ་ལཱ》(Sula,1974)དང་། 《སོ་ལོ་མོན་གྱི་གཞས》(Song of Solomon,1977)དང་། 《ཏར་ཞུན་གྱི་བྱིས་པ》(Tar Baby,1981)དང་། 《གཅེས་ཕྲུག》(Beloved,1987)དང་། 《ཅཱ་ཟི》(Jazz,1922)དང་། 《དག་ཞིང》(Paradise,1999)དང་། 《བརྩེ་བ》(Love,2003)དང་། 《སྙིང་རྗེ》(A Mercy,2008)དང་། 《ཁྱིམ》(Home,2012)བཅས་ཡིན་ཅིང་། དེ་དག་ཐམས་ཅད་ཀྱིས་ཨ་རིའི་མི་ནག་གི་འཚོ་བ་གཞིར་བཟུང་ཞིང་། སྨྱུག་རྩེ་ཞིབ་ཅིང་ཕྲ་བ། མི་དང་། སྐད་ཆ་དང་། གཏམ་རྒྱུད་ཀྱི་བྱུང་རིམ་དག་ཀྱང་མངོན་སུམ་དུ་སྣང་བ་ལྟ་བུ་བདེན་ཐུབ་ཆེ་བ། ཀུན་རྟོག་གི་ཁམས་ཡངས་པ་ཀུན་ཏུ་ངེས། དེ་ལས་གཞན་མོས་མི་དཀར་དང་རྩོམ་རིག་གི་ཀུན་རྟོག་བཤད་པ་སྨག་ནང་གི་རྩེད་མོ(Playing in the Dark: Whiteness and the Literary Imagination,1992)ཞེས་པའི་དཔྱད་རྩོམ་ཡང་བརྩམས་ཡོད།
ནུབ་ཕྱོགས་ཀྱི་དཔྱད་བརྗོད་པ་དག་གིས་མོར་རི་སོན་གྱིས་རལ་ཧྥུ་ཨེ་ལི་སོན(Ralph Ellison,1914-1994)དང་ཅམ་སི་པལ་དེ་ཝིན(James Baldwin,1924-1987)གྱི་མི་ནག་རྩོམ་རིག་གི་རྒྱུན་སྲོལ་བསྐྱངས་ཡོད། མོ་མི་ནག་གི་དམངས་ཁྲོད་ངག་རྒྱུན་དང་། གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་དང་། ཡེ་ཤུའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་ལ་རྒྱུས་ཆེ་བར་མ་ཟད། ནུབ་ཕྱོགས་གནའ་རབས་ཀྱི་རྩོམ་རིག་ལའང་སྦྱངས་པ་ཟབ། སྒྲུང་གཏམ་འབྲི་ཐབས་ཀྱི་ཆ་རུ། ཚིག་ཐུང་ལ་དོན་གསལ་བ་དེར་ཧེ་མིང་ཝེ(Ernest Hemingway,1899-1961)དང་། བྱུང་རིམ་གབ་ཅིང་རབ་རིབ་ཏུ་སྣང་བ་དེར་ཨ་རིའི་ལྷོ་ཕྱོགས་ཀྱི་རྩོམ་པ་པོ་ཧྥོལ་ཁི་ནེར(William Faulkner,1897-1962)གྱི་ཤན་གསལ་བར་མ་ཟད། ལ་ཏིང་ཨ་མེ་རི་ཁའི་དངོས་ཡོད་སྒྱུ་འཕྲུལ་ལུགས་ཀྱི་སྒྲུང་གཏམ་གྱི་ཁྱད་ཆོས་གསལ་བའང་བསྙོན་དུ་མེད་མོད། མོ་ནི་དེ་བས་ཀྱང་མི་དཀར་པོ་དག་གིས་མི་ནག་འབྲི་བའི་ཐབས་དང་སྐད་ཆ་ཕྱོགས་སུ་བོར་ནས་རང་གི་ངག་དང་སོ་སོའི་བརྗོད་སྟངས་ཡན་གར་བ་འཚོལ་བ་ལ་གཞན་དྲིང་མི་འཇོག་པའི་སྒྲུང་གཏམ་མཁས་ཅན་ཞིག་ཡིན་ཞེས་སྨྲའོ། །
དེབ་ཀྱི་འདྲ་པར།
མོར་རི་སོན་གྱི་སྒྲུང་གཏམ་ཕལ་མོ་ཆེར་མི་དཀར་པོའི་འཇིག་རྟེན་དུ་འཚོ་བའི་མི་ནག་དག་མི་དཀར་གྱི་འཇིག་རྟེན་ལ་འཇུག་པ་དང་རང་གི་རིག་གནས་དང་སྲོལ་རྒྱུན་སྐྱོང་བའི་བར་གྱི་འགལ་འདུ་བརྟེན་ས་རུ་བྱས་ཏེ། བདག་དང་གཞན་འགྱུར་བར་གྱི་སྡུག་བསྔལ་དང་། སྡུག་བསྔལ་དེ་འབྱུང་བའི་ཁུངས་ནི་ལོ་རྒྱུས་ཡིན་པ་དང་། དེ་ལ་ནི་ཅི་ལྟར་ཡང་འབྲལ་ཐབས་མེད་པར་གྱུར་ཡོད་ལ། སྒྲུང་གཏམ་དེ་དག་ཁྲོད་ཀྱི་མི་སྣ་ཁ་ཤས་ནི་རང་དབང་དེ་འཚོལ་བའི་ལམ་དུ་ངལ་བ་དང་། ཁ་ཤས་ནི་རང་དབང་ལྟར་སྣང་བ་ཞིག་དོན་དམ་དུ་མཐོང་ནས་དགའ་བཞིན་པ་དང་། འགའ་ཞིག་ནི་མི་དཀར་པོའི་རིག་གནས་ཀྱིས་བསྒྱུར་ནས་འཚོ་བའང་ཉེན་ལ་འཕྲད་དེ་ལོ་རྒྱུས་ཡིད་ལས་བོར་ཅིང་བདག་འཚོལ་བའི་འདུན་པའང་བསྐྱུར་ཡོད་པ་སོགས་ཞིབ་ཏུ་བྲིས་ཡོད།
མོས་མི་ནག་གི་ཁ་སྐད་རྩོམ་རིག་གི་མཛོད་ལས་ནོར་བུ་བླངས་ཏེ། སྟབས་བདེ་ནའང་ཀུ་རེ་དང་མཚར་ཉམས་ཆེ་བ། བློ་གྲོས་ལྡན་པའི་སྐད་ཆ་སྤྱད་ཡོད་པར་མ་ཟད། རྩོམ་གྱི་ནང་དུ་མཐོང་དུ་བཏུབ་པའི་ཁ་དོག་དང་། ཡི་གེ་དང་དཔེ་ཡིས་མཚོན་པའི་རོལ་མོ་སོགས་བྲིས་ཡོད་པའི་རྐྱེན་གྱིས། སྐད་ཆ་ལ་མཛེས་པ་ཁྱད་པར་བ་ཞིག་གིས་ཕྱུག་ཡོད། དེ་དག་ལའང་ཐབས་ཀྱི་ཆ་ནས་མངོན་སུམ་དང་འཕྲུལ་སྣང་གཅིག་ཏུ་བསྲེ་བ། ཤི་བོ་དང་གསོན་པོ་མཉམ་དུ་བགྲོ་བ། ལྷ་སྒྲུང་དང་སྒྲུང་གཏམ་གཉིས་གཅིག་ལ་གཅིག་ལྟ་ཞིག་ཏུ་མངོན་པར་བྲིས་ཤིང་། སྒྱུ་མ་མཁན་གྱི་བརྟུལ་ཞུགས་ཀྱིས་སྒྲ་དང་ངག་མི་འདྲ་བ་སོ་སོ་རེ་རེ་བཞིན་བྲིས་ནས་གང་ཟག་གི་གཤིས་ཀ་གསལ་དུ་འཇུག་པ་ལས་རྩོམ་པ་པོ་རང་གི་སྒྲ་ཡིས་ཐད་ཀར་ཀློག་པ་པོ་ལ་བཤད་པར་མི་བྱེད་པས། མཐོང་སྟངས་དང་འབྲི་ཐབས་ཁྱད་པར་བ་གསར་པ་ལ་ཀུན་ཏུ་སྤྱད་མཆིས་སོ། །(རྩོམ་འགན་པ། རྟ་མགྲིན)