ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་འཕེལ་རྒྱས་མགྱོགས་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།

2015-08-26
བོད་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱ་རྒྱུ་ནི་རྒྱལ་ཡོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། བོད་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ་ནི་རྒྱལ་ཡོངས་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ་དང་འབྲེལ་བ་ཡོད། ཟླ་8ཚེས་24དང་25ཉིན་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་དུས་བབ་ལ་དབྱེ་ཞིབ་དང་། ཉམས་མྱོང་ཕྱོགས་སྡོམ། ལས་དོན་བཀོད་སྒྲིག་བཅས་བྱས་ནས་བོད་རང་སྐྱོང་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་བཏང་ཡོད།

“བོད་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤྱི་ཡོངས་ཀྱི་འདུ་ཤེས་དེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་ཡོད་དགོས་ལ་ཏང་ཡོངས་དང་རྒྱལ་ཡོངས་ཚང་མར་ཡང་ཡོད་དགོས” ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་བོད་ཀྱི་ལས་དོན་ཐད་འཕྲད་པའི་དུས་བབ་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་གནང་བ་དང་། བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་གསལ་སྟོན་གཏིང་ཟབ་གནང་ནས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཐབས་ཇུས་བཀོད་སྒྲིག་གནང་ཞིང་། དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། དེས་བོད་འདི་ཉིད་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད།

“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས” བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་བརྟེན་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རེའི་ཏང་གིས་བོད་ལྗོངས་ཇུས་འགོད་བདག་གཉེར་བྱ་ཆེད་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་སྤྱད་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་སྔ་རྗེས་སུ་སྐོང་ཚོགས་བྱས་པ་དང་། སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་བཏོན་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད། ལོ་60ལྷག་ཙམ་རིང་། རང་རེའི་ཏང་གིས་བོད་ལ་གཙོ་བོ་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ་བཅས་ཀྱི་དོན་ཆེན་ལྔ་བསྒྲུབས་པས། བོད་ཀྱི་རྣམ་པ“མི་ཡུལ་དུ་བརྗེས་པ”དང་། མི་དམངས་ཀྱི་འཚོ་བ་སྡུག་བསྔལ་བདེ་ལ་གྱུར་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་མི་རྣམས་ཀྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་གསར་པ་ཐོབ་པ་དང་ཆབས་ཅིག་འགྲན་སློང་གསར་པ་མི་ཉུང་བ་ཞིག་ཀྱང་འཕྲད་ཡོད། དུས་བབ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད།

ཇི་ལྟར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་འགན་ལེན་བྱེད་དགོས་པ། ཇི་ལྟར་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་འགན་ལེན་བྱེད་དགོས་པ། ཇི་ལྟར་བྱས་ནས་སྣོད་བཅུད་ཁོར་ཡུག་ཡག་པོ་འགན་ལེན་བྱེད་དགོས་པ་བཅས་ནི་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་སྐབས་ངེས་པར་དུ་ལན་འདེབས་དགོས་པའི་ལག་ལེན་གྱི་ཞིབ་འཇུག་བྱ་གཞི་ཆེན་པོ་བཞི་རེད། དེའི་ནང་གི་འགག་རྩ་ནི“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱེད་དགོས་པ། “བློ་བརྟན་འགྱུར་མེད་བཞི”མཐའ་འཁྱོངས་བྱེད་དགོས་པ། “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱ་རྒྱུ་དེ་རེད། བོད་ཀྱི་ལས་དོན་དེ་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་བྱེད་པ་དང་། བོད་སྐྱོང་ཇུས་ཆེན་དེ་ཞིབ་ཕྲའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལག་ལེན་མཐར་ཕྱིན་བསྟར་ན། གངས་ལྗོངས་ས་མཐོ་འཆམ་མཐུན་བརྟན་ལྷིང་ཡོང་ངེས་དང་། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་ངེས་རེད།

བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་གཉིས་དམ་འཛིན་མཁས་པོ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་རང་བཞིན་དེ་གཙོ་བོ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གིས་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་མངོན་ཡོད། དེར་བརྟེན་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་བཞག་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། འདི་ལྟར་སྒྲུབ་པར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བཟུང་ཐོག་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་མི་འདང་སར་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་དུ་བཅུག་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དམངས་ཕྱུག་བོད་དར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

ད་རེས་ཀྱི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་དང་ཏག་ཏག་འཁེལ་ཡོད། ལོ་50རིང་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སྣེ་ཁྲིད་དེ་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པར་འཕེལ་རྒྱས་བཏང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཏང་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་བྱས་པའི་ཁར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་སེམས་གཅིག་མཐུན་སྒོ་ནས་འབད་འཐབ་བྱེད་ཀྱི་ཡོད་པས་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཐུབ་ངེས་ཡིན།
འབྲེལ་ཡོད་རྩོམ་ཡིག