ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

འཇར་མན་བས་ལོ་གསར་གང་འདྲ་གཏོང་གི་ཡོད་དམ།

2015-01-05 པ་ཚེ། ཚེ་སྒྲོལ།
   ཤོག་སྦག་སྤོར་བ་དང་གདོན་འདྲེ་འབུད་པ།
   འཇར་མན་བས་ལོ་གསར་གཏོང་བའི་གོམས་སྲོལ་དེ་ཀྲུང་གོའི་དཔྱིད་གསར་དུས་ཆེན་དང་ཧ་ཅང་འདྲ་ཞིང་།ཀྲུང་གོའི་ལོ་གསར་གནམ་གང་དགོང་མོ་བཞིན་2014ལོའི་ཟླ་12ཚེས་31ཉིན་གྱི་མཚན་དགུང་དུ་མཁའ་དབྱིངས་སུ་ཚོན་ཁྲ་ཅན་གྱི་ཤོག་སྦག་སྣ་ཚོགས་སྤོར་བ་དང་། ཤོག་སྦག་སྤོར་བའི་སྲོལ་རྒྱུན་དེའང་ཀྲུང་གོའི་ལོ་གསར་སྐོར་གྱི“གཏམ་རྒྱུད”དང་སྤྱིར་ན་གཅིག་མཚུངས་རེད།
   ཤོད་རྒྱུན་ལྟར་ན། འཇར་མན་བས་ངན་སེམས་ཅན་གྱི་ལྷ་འདྲེའི་ཚོགས་པས་ཟླ་12ཚེས་31ཉིན་མི་ལ་གནོད་པ་སྐྱེལ་བར་ཡོང་གི་ཡོད། ལྷ་འདྲེ་དེ་དག་མཐར་སྐྲོད་གཏོང་ཆེད་འཇར་མན་བས་ཤིང་འཁོར་ལ་མེ་སྤར་ནས་རི་ཁྲོད་དུ་རྫོང་གི་ཡོད། གཞན་ཡང་མི་རྣམས་ཀྱིས་ད་དུང་མེ་ཏོག་ཁོག་མ་སྤྱོད་པ་དང་དྲིལ་བུ་དཀྲོལ་བ་སོགས་ཀྱི་འཛེར་སྒྲར་བརྟེན་ནས་གདོན་འདྲེ་ཕྱིར་འབུད་ཀྱི་ཡོད། རྗེས་སུ་རྔ་རྡུང་བ་དང་དུང་བརྡ་གཏོང་བ་སོགས་བྱེད་པ་མ་ཟད། རྔོན་པ་ཚོས་ཀྱང་དེ་ཉིན་དགོང་མོ་མཁའ་དབྱིངས་སུ་མེ་མདའ་རྒྱག་གི་ཡོད།
   དེ་ལྟར་དུས་ཚོད་མང་པོ་འདས་རྗེས་ཤོག་སྦག་སྤར་ནས་གདོན་འདྲེ་ཕྱིར་འབུད་རྒྱུ་དེ་འཇར་མན་གྱི་ལོ་གསར་གཏོང་བའི་གོམས་སྲོལ་ཞིག་ཏུ་གྱུར་ཅིང་། འཇར་མན་གྱི་བཅའ་ཁྲིམས་ནང་དུའང་དེ་ཉིན་དམིགས་བསལ་གཏན་འཁེལ་བྱས་ཡོད་པ་སྟེ། ལོ་གཅིག་གི་ནང་དམངས་ཚོགས་ཚོས་ཟླ 12 ཚེས 31 ནས་ཟླ 1ཚེས 1 ཉིན་བར་ཤོག་སྦག་སྤར་ཆོག་གི་ཡོད། འཇར་མན་བའི་ངོས་ནས་བརྗོད་ཚེ་ཤོག་སྦག་སྤོར་རྒྱུ་མེད་པའི་ལོ་གསར་ནི་བསམ་མི་ཕོད་པ་ཞིག་རེད། འཇར་མན་ཤོག་སྦག་ལས་རིགས་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། འདི་ལོའི་ལོ་གསར་སྐབས་ཤོག་སྦག་ཚོང་ཚད་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་1.24(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་9.38)ཟིན་བཟོ་ཡོད་པ་དེ་ན་ནིང་དང་སྤྱིར་ན་མཚུངས་ཀྱི་ཡོད།
   ཉ་ལི་ཡུས་དང་འཛེམ་བྱ།
   འཇར་མན་གྱི་སྐད་ནང“ཡེ་ཤུའི་འཁྲུངས་སྐར་གྱི་ངང་ཤ་སྲེག་མ”དང“ལོ་གསར་གནམ་གང་དགོང་མོའི་ཉ་ལི་ཡུས”གཉིས་གཏན་འཇགས་ཀྱི་ཐ་སྙད་ཅིག་ཏུ་གྱུར་ཡོད་པས་དེ་ཐོག་ནས་འཇར་མན་བས་ལོ་གསར་གཏོང་སྐབས་ཀྱི་བཟའ་བཅའི་གོམས་སྲོལ་ཤེས་ཐུབ།
   འཇར་མན་བ་ལ་ལས་ཉ་ལི་ཡུས་ཟ་བ་མ་ཟད། ད་དུང་ལོ་གསར་གནམ་གང་དགོང་མོ་ཉ་ཁྲབ་ཅིག་དངུལ་ཁུག་ནང་བླུག་གི་ཡོད། དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་དེ་ལྟར་བྱས་ཚེ་མིའི་རླུང་རྟ་འཕེལ་ནས་ལོ་གསར་པའི་ནང་རྒྱུ་ནོར་མང་པོ་ཡོང་གི་ཡོད་པའི་དོན་ཡིན་སྐད།
   འཇར་མན་དུའང་ད་དུང་འཛེམ་བྱ་ཡོད་ཅིང་། ལོ་གསར་གནམ་གང་དགོང་མོར་གོས་འཁྲུད་པ་དང་གོས་སྐམ་པ་སོགས་ནི་འཛེམ་བྱ་ཆེན་པོ་ཞིག་ཡིན་པ་དང་། ཤོད་རྒྱུན་ལྟར་ན་ལོ་གསར་གནམ་གང་དགོང་མོ་ལྷ་འདྲེ་རྣམས་གྱོན་གོས་ཐོག་འཁྱུད་ནས་མི་རྣམས་ལ་བར་ཆད་ཆེན་པོ་ཡོང་གི་ཡོད།
   རོལ་རྩེད་དང་རླུང་རྟ་འཕེལ་ཕྱོགས།
   ལོ་གསར་པ་འཆར་ཉེར་ཡོད་པས་རླུང་རྟ་རྒྱུག་པོ་ཡོད་དམ།
   མི་འགའ་ཞིག་གིས་ལོ་གསར་གནམ་གང་ཉིན་མོར་རྒྱན་ཤོག་ཉོ་བ་དང་མི་ལ་ལས་རོལ་རྩེད་ལ་བརྟེན་ནས་འབྱུང་འགྱུར་སྔོན་དཔག་བྱེད་ཀྱི་ཡོད།
  “ཞ་ཉེ་བཞུར་བའི”རོལ་རྩེད་ནི་ལོ་གསར་གནམ་གང་དགོང་མོའི་འདུ་ཚོགས་ཐོག་དར་ཁྱབ་ཆེན་པོ་ཡོད་ཅིང་།མི་རྣམས་ཀྱིས་ཡང་ལཱ་ཐོག་ཐུར་མའི་ནང་གི་ཞ་ཉེ་བཞུར་དུ་བཅུག་སྟེ་ཆུ་གྲང་མོའི་ནང་བླུག་གི་ཡོད། མཁྲེགས་པོ་ཆགས་རྗེས་ཡར་བཏོན་ནས་ཞ་ཉེའི་བཟོ་དབྱིབས་ལྟར་ལོ་གསར་པའི་ནང་རླུང་རྟ་གང་འདྲ་ཡོད་མེད་སྔོན་དཔག་བྱེད་ཀྱི་ཡོད།
   དཔེར་ན། ཞ་ཉེའི་བཟོ་དབྱིབས་ཐང་དཀར་རྒོད་པོ་དང་འདྲ་ཚེ་གཉེན་སྒྲིག་བྱེད་རན་པ་དང་བྱ་གཞག་གོང་འཕེལ་གྱི་གོ་དོན་ཡིན་པ་དང་། གྲོ་སྙེ་འདྲ་པོ་ཡོད་ཚེ་བསམ་འདུན་ལྷུན་གྱིས་འགྲུབ་པའི་དོན་ཡིན་པ་སོགས་རེད།
   ཤམ་ཕེན་ཆང་དང་གློག་བརྙན།
   གལ་ཏེ་འཇར་མན་བས་སྤོ་ལོ་ལྟ་སྐབས་སྦི་རག་འཐུང་བ་དང་ཡེ་ཤུའི་འཁྲུངས་སྐར་སྐབས་རྒུན་འབྲུམ་ཨ་རག་དམར་པོ་འཐུང་གི་ཡོད་ལ་ལོ་གསར་གཏོང་སྐབས་ཁོ་ཚོས་ཤམ་ཕེན་ཆང་འཐུང་རྒྱུར་དགའ་པོ་བྱེད་ཀྱི་ཡོད།
   འཇར་མན་དུ་ད་དུང་ལོ་ངོ 50 ལྷག་ཙམ་རིང་རྒྱུན་མཐུད་གློག་བརྙན་སྟོན་པའི་གོམས་སྲོལ་ཡོད་ཅིང་། ཁོང་ཚོས་དབྱིན་ཇིའི་དགོད་བྲོའི་གློག་བརྙན་ཐུང་གྲས《མི་གཅིག་གི་དགོང་ཟས》ཞེས་པ་ལྟ་གི་ཡོད། དུས་ཚོད་སྐར་མ 18 ལས་མེད་པའི་ཚོན་ཁྲ་མེད་པའི་གློག་བརྙན་ཐུང་གྲས་དེའི་ནང་སྲས་མོ་སུའུ་ཧྥེས་ལོ 90 ལ་སླེབས་པའི་སྐྱེས་སྐར་གཏོང་བ་དང་ཕྱག་མཛོད་རྒན་གྲས་ཀྱིས་ཇི་ལྟར་བྱས་ཏེ་སྲས་མོའི་གྲོགས་པོ་རྙིང་པ་འགའ་ཞིག་གི་ཚབ་བྱས་ནས་སྲས་མོའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་གཏམ་རྒྱུད་བརྗོད་ཡོད་པ་དང་གློག་བརྙན་དེ་ལྟ་རིམ་བཞིན་འཇར་མན་བ་ཚང་མ་གད་མོ་ཤོར་གྱི་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག