བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་ཀྱི་བོད་འགྱུར་དཔེ་ཆ་དཔར་སྐྲུན་ཟིན་རྗེས་ཀྱི་ཁ་བརྡ།
བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་ཀྱི་བོད་འགྱུར་དཔེ་ཚོགས་ལས་དེབ་དང་པོ་དང་གཉིས་པ། གསུམ་པ་བཅས་ན་ནིང་ལོ་མཇུག་ཏུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་། དཔེ་ཚོགས་དེར་ཁྱོན་དཔེ་ཆ་བཞི་ཡོད་པ་ལས་དེབ་དང་པོ་ནི《སྲིད་སྐྱོང་མེ་ལོང》 ནང་དུ་འཁོད་པའི་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་ཡིན་ཞིང་། དེབ་གཉིས་པ་དང་གསུམ་པ། བཞི་པ་བཅས་ནི་རྒྱ་ནག་གི་ལོ་རྒྱུས་དཔེ་རྒྱུན་བཅུ་ཁ་ཙམ་གྱི་ཁྲོད་ནས་བླངས་པའི་བོད་ཀྱི་ལོ་རྒྱུས་ཁ་འཐོར་དུ་གནས་པ་དག་ཡིན། དེབ་བཞི་པ་དེ ༢༠༡༤ ལོར་དཔེ་སྐྲུན་བྱས་པ་རེད།
ལོ་ཙཱ་བའི་འགྱུར་དེབ་སྔོན་མ་གསུམ་དཔེ་སྐྲུན་བྱས་རྗེས། བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་ཚུར་སྣང་དང་གདེང་འཇོག་ཀྱང་གང་ལེགས་ཐོབ། སྔ་ཕྱིར་བོད་མིའི་རིག་གནས་དྲ་བ་དང་བོད་ལྗོངས་རིག་གནས་དྲ་བ། མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་པོའི་དྲ་བ། མཚོ་སྔོན་པོའི་པོད་ཁུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་རྒྱལ་ནང་གི་བོད་འབྲེལ་དྲ་བ་ཆེ་དྲག་ཁག་ཏུ་བཀོད་གདའ།
བོད་ཀྱི་ལོ་རྒྱུས་མཁས་པའམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་གཙོ་རྒྱལ་མོ་འབྲུག་པ་ལགས་ནས་ཁོང་གི་བོད་འགྱུར་མ་དེར“འགྱུར་ཡིག་དེ་མ་ཡིག་དང་མཐུན་ལ། སྐད་བརྡ་སྤུས་དག་ཅིང་ཚིག་གསལ་བ་དང་ཟབ་བརླིང་ལྡན། ཁ་གསལ་ཅིང་གོ་བདེ་བ་དང་བོད་སྐད་ཀྱི་ཉམས་ཀྱིས་ཕྱུག་འདུག”ཅེས་དང་། གཞན“དེབ་གསུམ་པོ་འདི་ནི་རྒན་འཇམ་དབྱངས་དར་རྒྱས་ལགས་ཀྱིས་ཕྱག་ལས་ཀྱི་ཁོམ་ལོང་སྤྱད་ནས། ཁོང་རང་གི་ཤེས་ཡོན་དང་འབད་བརྩོན་ལ་བརྟེན་ཏེ་ཉིན་མཚན་ལྟོས་མེད་དུ་ཡིག་བསྒྱུར་གནང་པའི་གྲུབ་འབྲས་རེད། ལོ་ཙཱ་བ་ཁོང་ནི་བོད་ཀྱི་གཞོན་སྐྱེས་ཚོའི་ནང་ནས་དཔེ་མཚོན་ཅན་གྱི་ཕུགས་འདུན་དང་ཧུར་བརྩོན་མངའ་ལ་འབད་བརྩོན་དང་རྒྱུན་འཁྱོངས་ཕོད་པའི་མིག་དཔེར་འཛིན་ཆོག་པ་ཞིག་རེད་ཟེར་ཆོག”ཅེས་གདེང་འཇོག་མཐོན་པོ་གནང་།
འཇམ་དབྱངས་དར་རྒྱས་ལགས་ནི་དེ་སྔོན་བདག་གི་ལས་རོགས་ཡིན་ཞིང་། ལས་ཀའི་ཁོམ་གསེང་ཁྲོད་ངེད་གཉིས་ནི་ཕན་ཚུན་དབར་ཐུན་མོང་གི་ལབ་གཞི་མང་བའི་གྲོགས་པོ་ཡང་ཡིན། དེ་ཡང་རྩོམ་རིག ལོ་ཙཱ། བོད་སོག་རིག་གནས། ནང་ཆོས་སོགས་ཀྱི་སྐོར་དང་། གཞན་མཉམ་དུ་བརྒྱུད་པའི་ལས་ཀའི་སྐོར། དེ་མིན་མཉམ་དུ་ངོ་ཤེས་པའི་གྲོགས་པོ་བཅས་ནི་ངེད་གཉིས་ཀྱིས་ནམ་ཡང་གླེང་མི་ཚར་བའི་སྐད་ཆའི་འབྱུང་ཁུངས་ཡིན།
འཇམ་དབྱངས་དར་རྒྱས་ལགས་ནི་གཤིས་རྒྱུད་ནང་དུ་ཕྱོགས་པའི་གཉོམ་ཆུང་ཞིག་ཡིན། དེར་བརྟེན་ངས་བསམ་ཚེ། གཉོམ་ཆུང་ནི་མི་ཚང་མར་ལྡན་པ་ཞིག་མ་ཡིན། དེ་ཡང་དམིགས་པ་ཅི་ཡང་མེད་པའི་མི་ལག་སྟོང་ཞིག་གི་ཁ་ནས་རང་ཉིད་མི་གཉོམ་ཆུང་ཞིག་ཡིན་པར་བསྙད་ཚེ། དེ་ནི་ཁོང་དགོད་བྱ་ཡུལ་ཉིད་དུ་ཟད་དོ། ། དེ་ནི། གཉོམ་ཆུང་ལ་ངེས་པར་གཉོམ་ཆུང་གི་རྒྱུ་རྐྱེན་ཡོད་དགོས་པས་ཡིན། དཔེར་ན། ཕྱོགས་ག་གེ་མོར་མཁས་རྟགས་ཚང་བའི་གྲུབ་འབྲས་ཡོད་པ་དང་གཞན་གྱིས་ཡིད་སྨོན་འཆོར་བའི་མི་གཞི་བཟང་བ་སོགས་སོ།། འཇམ་དབྱངས་དར་རྒྱས་ལགས་ནི་ཤེས་རྒྱ་ཡངས་ཤིང་། ཞིབ་འཇུག་ཐད་ཟབ་ནན་ཆེ་བ་དང་། རྒྱ་བོད་ལོ་ཙཱའི་ཁྱབ་ཁོངས་སུ་ རྒྱ་འགྱུར་བོད་ཡིག་ཡིག་ཚགས་ཀྱི་ལོ་ཙཱའམ་བོད་འགྱུར་རྒྱ་ཡིག་གི་ལོ་རྒྱུས་རིག་པའི་ལོ་ཙཱ། ཡང་ན་རྒྱ་བོད་རྩོམ་རིག་ལོ་ཙཱའི་ཁྱབ་ཁོངས་གང་ཡིན་ཀྱང་། སྤུས་ཚད་ཐད་དགའ་འོས་པའི་གྲུབ་འབྲས་མངོན་ཡོད། དེ་ལྟར་ཁོང་ནི་ཁ་ཁུ་སིམ་པའི་མི་ཞིག་ཡིན་ལ། མགོ་མཐོ་མདོག་དང་ཁེངས་དྲེགས་ཅི་ཡང་མེད་པར་རང་གི་དམིགས་པ་བཅངས་ཤིང་སྡུག་རུས་ཐུབ་པ་ལ་བརྟེན་ནས་སོ་སོའི་ཕུགས་འདུན་ལ་བརྩོན་པ་ཞིག་ཡིན། ཤིང་རྟ་ལོའི་ལོ་གསར་ཚེས་ལ་ཉེ་བའི་གོང་དུ། བདག་གིས་བོད་ཀྱི་ལོ་ཙཱ་བ་དང་ཤེས་ཡོན་ཅན་ཡིན་པའི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞིབ་བཤེར་སྐུ་གཞོན་རྒན་འཇམ་དབྱངས་དར་རྒྱས་ལགས་ལ་ཁ་ཆད་ཀྱིས་ཁོང་དང་ལྷན་དུ་ལོ་ཙཱའི་སྐོར་གྱི་ཁ་བརྡ་བྱས་པ་ཡིན། སྐབས་དེའི་ནང་དོན་ནི་གཤམ་གསལ།
ཧ་སིན། ཐོག་མར་ཁྱེད་རང་གི་བོད་བསྒྱུར་དཔེ་ཚོགས་གསར་དུ་ཐོན་པར་རྟེན་འབྲེལ་ཞུ། ལོ་རྒྱུས་དཔེ་ཆ་བསྒྱུར་བ་ལ་གནའི་རྒྱ་ཡིག་གི་རྨང་གཞི་ལེགས་པོ་ཞིག་དགོས་པས་ཉིད་ཀྱི་གནའི་རྒྱ་ཡིག་གི་ཆུ་ཚད་དེ་ཇི་ལྟར་སྦྱངས་པ་ཡིན།
འཇམ་དར། ངའི་གནའི་རྒྱ་ཡིག་གི་རྨང་གཞི་དེ་འདྲའི་ཡག་པོ་མེད། དེ་བཤད་ན་ངོ་གནོང་དགོས་པ་ཞིག་རེད། ང་རང་དམའ་འབྲིང་ལོ་རིམ་གཉིས་པར་གཞི་ནས་རྒྱ་ཡིག་སྦྱོང་མགོ་ཚུགས་པ་ཡིན། དམའ་འབྲིང་ལ་མ་འབྱོར་གོང་དུ་ངས་རང་གི་མིང་ཡང་རྒྱ་ཡིག་གིས་འབྲི་ཤེས་ཀྱི་མེད། དམའ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ། རྒྱ་ཡིག་དགེ་རྒན་གྱིས་ང་དང་ངའི་སློབ་གྲོགས་གཅིག་ལ་དམིགས་སུ་སློབ་ཁྲིད་གནང་ནས། ང་གཉིས་ལ་ལོ་རིམ་དང་པོའི་སློབ་ཚན་ཁྲིད་པ་རེད། ཡི་གེ་འགའ་ཞིག་ཤེས་རྗེས། ཧ་གོ་ལ་མ་གོའི་ཚུལ་དུ་ཀློག་བདེ་བ་འགའ་ཞིག་བཀླགས་པ་ཡིན། ལྟ་ཀློག་བརྒྱུད་དེ་དང་ཐོག་ཡི་གེ་མི་ཤེས་པའི་གནད་དོན་དེ་ཐག་ཆོད་སོང་། དམའ་འབྲིང་དང་འབྲིང་རིམ་ཆེད་ཚན་འདོན་པའི་རིང་ལ། ཚང་མ་དྲག་རྩལ་སྒྲུང་གཏམ་ལྟ་ཀློག་བྱེད་པར་དང་དོད་ཆེ། སྐབས་དེ་དུས་སློབ་གྲྭའི་དཔེ་མཛོད་ཁང་དུ་ཡང་དཔེ་དེབ་འདིའི་རིགས་མོད་པོ་ཡོད། ང་ཡང་སློབ་གྲོགས་གཞན་དང་འདྲ་བར། མགོ་ཚོས་ལ་མ་ཚོས་དུ་ཅིན་ཡུང་། ལིའང་ཡུས་ཧྲེང་། ཀུའུ་ལུང་སོགས་དྲག་རྩལ་སྒྲུང་གཏམ་མང་པོ་བལྟས་མྱོང་། སྐབས་དེ་དུས་དཔེ་དེབ་འདི་རིགས་གཡར་ཐུབ་ཚེ། སྐོམ་པ་ཆུ་འདོད་ལ་ཆུ་རྙེད་པ་ནང་བཞིན་རེད་ལ། དཔེ་ཀློག་ལ་མགོ་འཁོར་བ་ནི་ཟས་བརྗེད་གཉིད་བཅག་གི་ཚད་དེར་ཐོན་ཡོད་ཟེར་ན་ཆོག དེ་དག་བཀླགས་པར་བརྟེན་དམའ་འབྲིང་ལོ་རིམ་གསུམ་པ་ནས་འབྲིང་རིམ་ཆེད་ཚན་གྱི་ལོ་རིམ་གཉིས་པའི་བར་གྱི་དུས་ཚོད་ནང་། ངའི་གོ་བ་ལོན་པའི་ནུས་ཚད་དེ་ཡར་ཐོན་བྱུང་། དེའི་རིང་ལ་ད་དུང 《སུའེ་ཐང་རྒྱལ་རབས་གཉིས་ཀྱི་སྒྲུང》 《ཐང་གི་རྒྱལ་རབས་ཉི་ཤུའི་སྒྲུང》 《ཧུའུ་ཚང་གི་དམག་དཔོན་གྱི་སྒྲུང》 《ཁྲི་པི་མེར་བསྲེགས་པ》 《དབྱང་ཚང་གི་དམག་དཔོན་གྱི་སྒྲུང》 《ཞུའེ་ཏིང་ཧྲན་གྱི་ནུབ་འདུལ་གཏམ་རྒྱུད》 《ཏོའུ་ཨར་ཏུན་གྱི་ལོ་རྒྱུས》《ཐུང་ལིན་གྱི་ལོ་རྒྱུས》 《ཡུའེ་ཧྥེ་ཡི་ལོ་རྒྱུས》《ཡུའེ་ཧྥེ་ཡི་ལོ་རྒྱུས་ཆ་ཚང་བརྗོད་པ》《ཧྲི་གུང་གིས་གྱོད་གཞི་རྩར་བཅད་པའི་གཏམ་རྒྱུད》སོགས་ཀྱང་བལྟས་པ་ཡིན། དེབ་འདི་གྲས་ལ་ལ་ཞིག་ནི་ཕལ་སྐད་ཁོ་ན་ཡིན་པ་དང་། འགའ་ཤས་ནི་ཕལ་སྐད་དང་ཡིག་སྐད་འདྲེས་མ་རེད། ཕལ་སྐད་དང་ཡིག་སྐད་འདྲེས་མའི་དཔེ་དེབ་འདི་རིགས་བལྟས་པ་མང་བས། དེས་སློབ་དེབ་ནང་གི་ཡིག་སྐད་ཀྱི་རྩོམ་རིག་སྦྱོང་བར་ཕན་ཐོགས་ཆེན་པོ་བྱུང་ལ། ལྟ་ཀློག་དང་གོ་བ་ལོན་པའི་ཕྱོགས་ལ་ཡང་ལེགས་ཆ་ངེས་ཅན་ཡོད། དེའི་ཐོག་སྐབས་དེའི་དུས་ངའི་དྲན་ཤེས་གསལ་པོ་ཡོད་པའི་དབང་གིས། བོད་ཡིག་དང་རྒྱ་ཡིག་གང་ཞིག་བློ་འཛིན་བྱ་དགོས་ཀྱང་། ང་རང་འཛིན་གྲྭའི་ནང་དུ་བློ་འཛིན་བྱེད་མགྱོགས་ཤོས་ཤིག་ཡིན། ངས་སློབ་དེབ་ནང་གི་ཡིག་སྐད་རྩོམ་ཡིག་དང་གནའ་བོའི་སྙན་ཚིག་ཕལ་ཆེ་བ་ངག་སྐྱོར་བཏང་བ་ནི་འཁོན་ཐོགས་མེད་པ་ཞིག་ཆགས་ཡོད། དེ་ལྟར་ཡིག་སྐད་རྩོམ་ཡིག་ལ་དགའ་ཞེན་ཇེ་ཆེ་ནས་ཇེ་ཆེ་རེད།
ཕྱིས་སུ་མཐོ་རིམ་ཆེད་ཚན་དང་ཤེས་རམས་པའི་བསླབ་ཚན་སློབ་སྦྱོང་བྱས་པ་བརྒྱུད། མུ་མཐུད་གནའ་རབས་རྒྱ་ཡིག་སློབ་ཚན་སོགས་ལ་ནན་ཏན་གྱིས་སྦྱངས་པ་ཡིན། གནའི་རྒྱ་ཡིག་ལ་གོ་བ་ལོན་པའི་ནུས་པའང་དེར་བསྟུན་གྱིས་ཡར་ཐོན་ཕྱིན་སོང་། མདོར་ན། མ་གཞི་ངའི་རྒྱ་ཡིག་གི་ཆུ་ཚད་མཐོ་པོ་དེ་འདྲ་མིན་ཀྱང་། འོན་ཏེ་ལོ་གྲངས་དང་ཤེས་ཚད་ཀྱི་ཁ་སྣོན་བྱུང་བ་དང་། ལོ་མང་པོར་གནའ་བོའི་རྒྱ་ཡིག་གི་ལོ་རྒྱུས་ཁོངས་ནས་ལོ་རྒྱུས་དཔྱད་གཞི་ལ་སློབ་སྦྱོང་དང་གསོག་ཉར། གོ་བ་ལོན་པ་དང་ཡིག་བསྒྱུར་བྱེད་པ་བརྒྱུད། སྤྱིའི་ཆ་ནས་དཀའ་ཁག་ཆེན་པོ་མིན་འདུག་ཅེས་བཤད་ཆོག
ཧ་སིན། ལོ་རྒྱུས་དཔེ་དེབ་ཡིག་བསྒྱུར་བྱེད་པ་ལ་དཔྱད་གཞི་མང་པོ་ཞིག་ཐོད་གཏུགས་དགོས་པ་རེད། ཁྱེད་རང་གིས་ལོ་རྒྱུས་རིག་པ་ལ་དགའ་ཞེན་ངེས་ཅན་ཞིག་ཡོད་པ་ལ་བརྟེན་ནས་ད་གཟོད་དཀའ་ཚེགས་ཆེ་ཞིང་སྤྲོ་སྣང་བྲལ་བའི་བརྒྱུད་རིམ་དེ་ལས་རྒྱལ་བ་ཡིན་ནམ།
འཇམ་དར། དེ་འདྲ་རང་རེད། གནའ་བོའི་རྒྱ་ཡིག་གིས་བྲིས་པའི་ལོ་རྒྱུས་ཡིག་རིགས་བསྒྱུར་རྒྱུ་དང་། མ་ཟད་དེའི་ཁྲོད་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་དཔྱད་ཡིག་དེ་ཚོ་བསྒྱུར་དགོས་ཚེ། བོད་ཀྱི་ལོ་རྒྱུས་དང་ཀྲུང་ཡོན་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་གཉིས་ཀ་ལ་ཆ་རྒྱུས་ངེས་ཅན་ཡོད་ན་མ་གཏོགས་མི་འགྲིག དེ་བས་མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་ལོན་དགོས་པ་དང་མ་ཡིག་གི་ནང་དོན་ལ་གདེང་ཚོད་ངེས་ཅན་ཡོད་པ་གཞིར་བྱས། ལོ་རྒྱུས་མི་བུའི་དབར་གྱི་འབྲེལ་བ་དང་དོན་དག་གི་མགོ་རྔ་ཚང་བ་དང་། སྐབས་དེའི་དམག་སྲིད་དང་དཔོན་པོའི་ལས་གནས་ཀྱི་ལམ་ལུགས། མངའ་ཁོངས་དང་རྒྱལ་ས། སྤྱི་ཚོགས་ཀྱི་སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས། གནའ་དེང་གཉིས་ཀྱི་ཡི་གེའི་སྒྲ་འདོན་ཚུལ་སོགས་དེ་དག་ཚང་མར་ཆ་རྒྱུས་ཟབ་མོ་ཡོད་དགོས། དེ་དག་ཧ་མ་གོ་བར་མགོ་ཚོས་ལ་མ་ཚོད་དུ་ཨུ་ཚུགས་ཀྱིས་བསྒྱུར་བའི་དབང་དུ་བཏང་ན། མི་གཞན་ཁོང་དགོད་འཆོར་བའི་གནད་དོན་འབྱུང་ངེས་རེད།
ངས་བསྒྱུར་བའི་བོད་ཀྱི་ལོ་རྒྱུས་དཔྱད་གཞི་དེ་དག་ནི་རྒྱ་ནག་གི་དཔེ་དེབ 《ཧན་རྒྱལ་རབས་ཀྱི་ལོ་རྒྱུས》《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས》 《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》 《སུང་རྒྱལ་རབས་ཀྱི་ལོ་རྒྱུས》 《ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས》 《ལིའང་རྒྱལ་རབས་ཀྱི་ལོ་རྒྱུས》 《ཝེ་རྒྱལ་རབས་ཀྱི་ལོ་རྒྱུས》 《ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས》 《སུའེ་རྒྱལ་རབས་ཀྱི་ལོ་རྒྱུས》 《རྒྱལ་རབས་བྱང་མའི་ལོ་རྒྱུས》 《ཐུང་ཏེན》 《ཐང་གི་ལམ་སྲོལ་གནད་བསྡུས》 《ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མ》 《ཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ》 《རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ》 《རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ》 《སུང་རྒྱལ་རབས་ཀྱི་ལོ་རྒྱུས》 《ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས》《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》《སྲིད་སྐྱོང་མེ་ལོང》 སོགས་རྒྱ་ཡིག་གི་ལོ་རྒྱུས་གནའ་དཔེ་དེ་དག་ཡིན། དེར་བརྟེན་ནང་དོན་ཡང་བོད་ཀྱི་ལོ་རྒྱུས་དང་བོད་དང་འབྲེལ་ཡོད་ཀྱི་རྒྱལ་ཕྲན་དང་ཚོ་པ་ཁག་གི་ལོ་རྒྱུས་ཀྱི་དཔྱད་གཞི་ཡིན། དེ་དག་ལས《སྲིད་སྐྱོང་མེ་ལོང》ནང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་དཔྱད་གཞི་ནི། ཕལ་ཆེ་བ་སྤུར་རྒྱལ་བཙན་པོའི་དུས་ཀྱི་ལོ་རྒྱུས་དོན་རྐྱེན་དང་། ནང་དོན་དེའི་གྲས་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་དཔེ་དེབ་ནང་དུ་ཡང་མི་ཉུང་བ་ཞིག་ཡོད། དེའི་ཁྲོད་དུ་རྒྱ་བོད་ལོ་རྒྱུས་དཔྱད་གཞིའི་དབར་ཐོད་ཐུག་ས་མང་པོ་འདུག་པས་ཕན་ཚུན་དཔྱད་སྡུར་བྱེད་ཆོག འོན་ཏེ་རྒྱ་ཡིག་གི་དཔེ་ཆ་གཞན་གྱི་ནང་དུ་འཁོད་པའི་བོད་འབྲེལ་ལོ་རྒྱུས་དཔྱད་གཞི་དེ་དག་ནི་བོད་ཡིག་གི་ལོ་རྒྱུས་དཔེ་དེབ་ནང་ཧ་ལམ་དེ་དང་ཐོད་ཐུག་ས་མེད་ཚོད་དུ་སྣང་ངོ་།། དེར་བརྟེན་ལོ་རྒྱུས་ཡིག་ཚགས་འདི་ཚོ་བསྒྱུར་བ་ལ། རང་སེམས་རྣལ་དུ་ཕབ་ནས། རང་གི་ཤེས་ཚོད་ཀྱི་ད་ཡོད་ལོ་རྒྱུས་དཔྱད་གཞི་ཕོན་ཆེན་ལྟ་ཀློག་བྱ་དགོས་པ་རེད། ད་ལོ་དཔེ་སྐྲུན་བྱས་པའི་ལོ་རྒྱུས་བོད་འགྱུར་མ་གསུམ་པོ་འདི་ཚོ་ཡིག་བསྒྱུར་བྱེད་པ་ལ་མང་ཡང་ལོ་གཉིས་ལྷག་ཙམ་ཡན་ལས་འགོར་མེད།(ལོ་རྒྱུས་དཔེ་ཚོགས་འདི ༢༠༠༧ ལོར་བསྒྱུར་མགོ་ཚུགས་པ་དང ༢༠༡༠ ལོར་སྤྱིའི་ཆ་ནས་བསྒྱུར་ཚར) དེ་འཕྲོས་ཀྱི་དུས་ཚོད་ཚང་མ་དཔྱད་གཞི་ལྟ་ཀློག་དང་ཐོད་གཏུགས་པ། མཆན་འགྲེལ་འགོད་པ་སོགས་ལ་སྤྱད། ང་རང་ཆུང་དུས་ནས་ལོ་རྒྱུས་ལ་དགའ་ཞེན་ཡོད་པའི་དབང་གིས་བྱ་བ་འདི་སྤྲོ་སྣང་བྲལ་བ་ཡང་ཚོར་མ་མྱོང་།
སྟབས་ལེགས་པར་ང་ཆུང་དུས་ནས་ལོ་རྒྱུས་སྒྲུང་གཏམ་ཀློག་རྒྱུར་དགའ་པོ་ཡོད། གོ་བདེ་བའི་ལོ་རྒྱུས་དཔེ་རྒྱུན་དེ་དག་གི་མངོན་མེད་ནུས་པས་བདག་ལ་ཕན་ཐོགས་བྱུང་ལ། དེས་ང་རང་ལོ་རྒྱུས་ལ་དགའ་བ་ཇེ་ཆེར་ཕྱིན་སོང་། ང་རང་ཤེས་རམས་ཞིབ་འཇུག་ལ་སློབ་སྦྱོང་བྱེད་དུས་བྲིས་པའི་དཔྱད་རྩོམ་ལ་ལ་ནི་ཚད་མི་འདྲ་བའི་སྒོ་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་དང་འབྲེལ་བ་ཡོད། མ་གཞི་ངས་ཆེད་དུ་ལོ་རྒྱུས་རིག་པར་མགོ་རྔ་ཚང་བའི་སློབ་སྦྱོང་དང་སྦྱོང་བརྡར་བྱེད་མ་མྱོང་མོད། འོན་ཏེ་ངས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་དཔེ་ཆ་གཙོ་ཆེན་པོ་མི་ཉུང་བ་ཞིག་བལྟས་མྱོང་ལ། དེ་དག་ལས་ཀྱང་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་དཔེ་ཆ་ཡིན། ངས་བསམ་ཚེ། རྙོག་འཛིང་ཆེ་ལ་སྤྲོ་སྣང་བྲལ་བའི་བྱ་བ་གང་ཞིག་ཡིན་རུང་། དགའ་ཞེན་ཡོད་ན། དེ་ནི་རྒྱུན་འཁྱོངས་ཐུབ་པ་དང་དེའི་ཁྲོད་ནས་དགའ་སྤྲོ་མྱོང་ཐུབ།
ཧ་སིན། “རྙོག་འཛིང་ཆེ་ལ་སྤྲོ་སྣང་བྲལ་བའི་བྱ་བ་གང་ཞིག་ཡིན་རུང་། དགའ་ཞེན་ཡོད་ན། དེ་ནི་རྒྱུན་འཁྱོངས་ཐུབ་པ་དང་དེའི་ཁྲོད་ནས་དགའ་སྤྲོ་མྱོང་ཐུབ”གཏམ་འདི་ཧ་ཅང་ཡག དེས་ན་ཁྱེད་རང་གིས་ལོ་རྒྱུས་གནའ་དཔེ་བསྒྱུར་སྐབས་རྩ་དོན་གང་འདྲ་ཞིག་ཚད་གཞིར་བཟུང་བ་ཡིན།
འཇམ་དར། ཐོག་མར་མ་ཡིག་དང་བསྟུན་པ་དེ་རེད། རྒྱ་ནག་རིག་གནས་ཀྱི་ཡིག་འབྲིའི་སྲོལ་རྒྱུན་དེ་ལོ་སྟོང་ཕྲག་འགའ་ཞིག་ལ་རྒྱུན་འཛིན་བྱས་པ་དང་། ཕྱིས་སུ་རིགས་དབྱེ་ནས་རུའུ་ལུགས་ཀྱི་གསུང་རབ། ལོ་རྒྱུས་དེབ་ཐེར། རིག་གཞུང་གྲུབ་མཐའ་ཁག་གི་གསུང་རྩོམ། རྩོམ་ཡིག་ཕྱོགས་བསྒྲིགས་བཅས་ཆ་ཤས་བཞི་བྱུང་། ངས་ཡིག་བསྒྱུར་བྱས་པའི་ལོ་རྒྱུས་དཔྱད་གཞི་འདི་དག་ནི“ལོ་རྒྱུས”ཀྱི་ཁོངས་སུ་གཏོགས་པ་ཡིན། དེབ་འདི་ཚོ་ལོ་བརྒྱ་ཕྲག་འགའི་ཡར་སྔོན་གྱི་ཡིན་པ་དང་གཞན་ལོ་སྟོང་ཕྲག་གཅིག་གཉིས་གོང་གི་གནའ་རབས་ལོ་རྒྱུས་རེད། འདི་ཚོ་བསྒྱུར་དུས། མ་ཡིག་གི་ནང་དོན་དང་མཐུན་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། མ་ཡིག་གི་ནང་དོན་གང་ཐུབ་ཅི་ཐུབ་ཀྱིས་སྔར་མ་ཡིག་གི་གོ་དོན་ལྟར་ཡང་དག་པའི་སྒོ་ནས་བོད་ཡིག་ཏུ་བསྒྱུར་དགོས་པ་ལས། རང་གི་བསམ་ཕྱོགས་ལྟར་འགྱུར་བཟོ་བྱེད་པའམ་དེང་གི་བསམ་བློའི་གཏོང་ཕྱོགས་སམ་རིན་ཐང་གི་ལྟ་ཚུལ་ཁྱེར་ནས་འགྲེལ་པ་འཁྱོག་པོ་དང་བསྒྱུར་སྐྱོན་འབྱུང་མི་ཉན་པ་རེད། གཞན་ཁྲལ་སེལ་སླ་བཅོས་ཀྱིས་བསྒྲུབ་མི་རུང་། དེ་སྔ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ལོ་རྒྱུས་དཔྱད་གཞིའི་འགྱུར་མ་ཁག་ཅིག་ལ་གོང་གི་སྐྱོན་མཁྲེགས་པོ་དེ་དག་ལས་མི་ཉུང་བ་ཞིག་ཐོན་ཡོད་ཅིང་། འདིའི་ཐད་གཟབ་ནན་བྱེད་དགོས་པའི་ཆ་ཧ་ཅང་མང་པོ་ཡོད་དེ། མ་ཡིག་དང་བསྟུན་པ་ལ། ང་ཚོས་རུའུ་ལུགས་ཀྱི་གཙོ་བོར་བྱས་པའི་རྒྱའི་རིག་གནས་ལ་ཆ་རྒྱུས་ངེས་ཅན་ཡོད་དགོས་ལ། དཔེར་ན། གནའ་བོའི་ཀྲུང་གོ་བའི“སྣོད་བཅུད་མཉམ་གནས” “གནམ་འོག” “ཕྱོགས་བཞིའི་མཐའ་འཁོབ་མི་རིགས” “བསླབ་འདོམས” “ཀྲུང་གོ”སོགས་ཀྱི་འདོད་ཚུལ་དང་། འདི་དག་ལས་མཆེད་པའི་ཆོ་ག ལོ་རྒྱུས་མཁན་གྱི་སྐད་ཆ་དང་བྱ་སྤྱོད་སོགས་སོ།། འདིར་དཔེར་ན། མི་ཤི་བ་ལ་མཚོན་ན། གནའ་བོའི་རྒྱ་རིགས་ཀྱི་སྤྱི་ཚོགས་ནང་གྲལ་རིམ་མི་གཅིག་པ་དང་གོ་ས་མི་གཅིག་པའི་མི་དག་ལ་འབོད་ཚུལ་ཡང་མི་འདྲ་བ་ཡིན། དེ་ཡང་བོད་ཡིག་ནང་དུ། གཤེགས་དང་འདས། གྲོངས། ཤི་སོགས་དང་འདྲ་བར་འབོད་སྟངས་མི་གཅིག་པ་ཡོད། ཁོ་ཚོས་ཡི་གེ་འདི་དག་གི་སྤྱོད་དུས་དོ་གལ་ཆེན་པོ་བྱེད་པ་ཡིན་པས། ང་ཚོས་དེའི་སྒྲིག་སྲོལ་ལས་འགལ་ནས་གང་འདོད་དུ་བསྒྱུར་ན་མི་འགྲིག་ལ། ཡི་གེ་འདི་རིགས་བསྒྱུར་བའི་ཚེ། འགྱུར་ཡིག་གི་ནང་དུ་ཡང་ཁྱད་པར་གསལ་པོ་ཕྱེ་དགོས་པ་ལས། ཚང་མ་ཞེ་ཚིག་གཅིག་གིས་ཚབ་མཚོན་བྱེད་མི་རུང་བ་འདི་ཡང་གལ་ཆེན་ཡིན།
དེ་ནས་བོད་ཡིག་གི་མཚོན་ཐབས་སུ་ཚིག་སྦྱོར་བདེ་མོ་ཞིག་དང་ཁ་གསལ་པོ་ཞིག་དགོས་པའི་གནད་དོན་ཡིན། ངས་ཡིག་བསྒྱུར་བྱེད་པའི་དམིགས་ཡུལ་ནི་བོད་ཀྱི་ལོ་རྒྱུས་དཔྱད་གཞི་ཁ་གསབ་དང་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་བོད་ཡིག་གི་ཐོག་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་ཡང་ཐད་ཀར་རྒྱ་ཡིག་གི་གནའ་དཔེ་ལ་ལྟ་ཀློག་མི་ཐུབ་པའི་བོད་ཀྱི་ཤེས་ལྡན་པ་ཚོ་དང་། གཞན་བོད་ཀྱི་ལོ་རྒྱུས་ལ་དགའ་ཞེན་ཡོད་པའི་ཀློག་པོ་ཚོར་དཔྱད་གཞིར་ཕུལ་བ་ཡིན། དེར་བརྟེན། ཡིག་བསྒྱུར་ནི་མ་ཡིག་དང་མཐུན་དགོས་པ་གལ་ཆེ་བ་དང་མ་རྩོམ་གྱིས་དོན་བརྗོད་དང་རྩོམ་ཉམས་ལ་བསམ་གཞིགས་བྱེད་པ་དང་སྦྲགས། སྐད་ཆའི་ཐད་ནས་བོད་ཡིག་གི་བརྡ་སྤྲོད་རྒྱུན་ཤེས་དང་འཚམ་དགོས་ལ། ཡིག་ཟོར་ཡང་ཞིང་གོ་བདེ་བ། ཚིག་སྦྱོར་བདེ་མོ་ཞིག་དགོས།
ཧ་སིན། ངས་ཤེས་གསལ་ལ། ཁྱེད་རང་གི་རྩོམ་རིག་ལོ་ཙཱ་གནང་བ་ཡང་ལེགས་པས། རྩོམ་རིག་ལོ་ཙཱ་དང་ལོ་རྒྱུས་ལོ་ཙཱ་གཉིས་ལས་ཁྱེད་རང་ཕྱོགས་གང་ལ་དགའ་པོ་ཡོད་པ་རྒྱུ་མཚན་དང་བཅས་གསུངས་རོགས།
འཇམ་དར། ང་རང་རྩོམ་རིག་ལོ་ཙཱ་ལ་དགའ་པོ་ཡོད། དེ་ཡང་ལས་ཀའི་བར་གླགས་ནས་སྐབས་རེར་བསྒྱུར་བ་ལས་རྣམ་ཀུན་རྒྱུན་མཐུད་ཀྱིས་སྒྱུར་གྱིན་མེད། དེའི་ཕྱོགས་ལ་དམིགས་ཡུལ་དང་འཆར་གཞི་ཡང་དེ་ཙམ་མེད། དེ་ནི་ལས་ཀའི་རྙོག་འཛིང་གི་ཧྲག་བར་ནས་དོ་སྙོམས་བྱ་ཐབས་ཤིག་གམ་རང་ཉིད་བྱིས་དུས་ནས་རྩོམ་རིག་ལ་དགའ་བའི་རྒྱུན་འཁྱོངས་ཤིག་ལ་ངོས་འཛིན་ཆོག ད་ཆ་རྩོམ་རིག་བརྩམས་ཆོས་ལྟ་རྒྱུ་ཧ་ཅང་ཉུང་བ་དང་རྩོམ་རིག་ལོ་ཙཱ་བྱས་པ་མང་པོ་མིན་ཡང་། ངས་བསམ་ན། རྩོམ་རིག་ལོ་ཙཱ་བྱེད་དུས་ཀྱི་རྩོམ་པ་པོ་དང་ལྟ་ཚུལ་གཅིག་ཏུ་ལངས་ནས་སྒྲོག་པ་དང་བརྩེ་བ་དང་སྣང་བརྙན་ལ་ཞིབ་ལྟ་བྱས་པ་ལས་རྙེད་པའི་སྤྲོ་བ་དེ་དམིགས་གསལ་བ་ཞིག་རེད། དེས་མི་ལ་དགའ་སྣང་ཆེན་པོ་སྟེར་གྱིན་འདུག
ལོ་རྒྱུས་ལོ་ཙཱ་བྱེད་པ་ལ་ང་རང་དགའ་པོ་ཡོད་པས་མ་ཚད། དེ་ནི་རང་ཉིད་ཀྱི་དོན་དག་ཅིག་དང་འགན་འཁྲི་ཞིག་ཏུ་འཛིན་ནས་སྒྲུབ་ཀྱིན་ཡོད། གནའ་བོའི་རྒྱ་དཔེའི་ནང་གི་བོད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དཔྱད་གཞི་མང་པོ་ཞིག་ཡོད་པ་ནི་ཁྱེད་རང་གིས་མཁྱེན་གསལ་རེད། ལོ་རྒྱུས་དཔྱད་གཞི་འདི་དག་ཡིག་བསྒྱུར་བྱས་པ་བརྒྱུད། བོད་ཀྱི་ལོ་རྒྱུས་རྒྱུ་ཆ་དང་དཔྱད་གཞིར་ཁ་གསབ་པ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལ་དོན་སྙིང་ཆེན་པོ་ཡོད་རེད། འོན་ཏེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་། སྐུ་ཞབས་དོན་གྲུབ་རྒྱལ་ལགས་དང་སྐུ་ཞབས་ཁྲིན་ཆིན་དབྱིན་གཉིས་ནས 《ཐང་ཡིག》གསར་རྙིང་གཉིས་ནང་གི《སྤུར་རྒྱལ་བཙན་པོའི་སྐོར》དེ་བསྒྱུར་བའི་རྗེས་སུ། བྱ་བ་འདིའི་རྒྱུན་སྐྱོང་མཁན་མེད་པར་གྱུར་ཡོད། སྟབས་ལེགས་པར་ང་རང་ཡིག་བསྒྱུར་ཅུད་ནས་ཕུལ་བྱུང་ལོ་ཙཱ་བ་ཁྱེད་རྣམས་དང་མཉམ་དུ་བྱ་བ་སྒྲུབ་རྒྱུ་བྱུང་ནས། ཆེད་ལས་ལོ་ཙཱ་བ་ཞིག་ཏུ་གྱུར། ལོ་མང་པོའི་རིང་གཟབ་ནན་ངང་ཡིག་བསྒྱུར་སྦྱོང་བརྡར་དང་ལག་ལེན་བྱས་པས། ད་ཆ་རང་ཉིད་ལ་ལོ་རྒྱུས་དཔྱད་གཞི་འདི་དག་བསྒྱུར་རྒྱུའི་མཐུན་རྐྱེན་འཛོམས་ཡོད་ལ་འགན་འཁྲི་དེ་ཡང་ཡོད་སྙམ། མ་གཞི་གཞན་སུ་ཞིག་གིས་ང་ལ་བྱ་བ་འདི་བཀོད་སྒྲིག་བྱས་པ་མ་ཡིན་ནའང་། ང་རང་གི་བསམ་པར་བྱ་བ་འདི་ངས་སྒྲུབ་དགོས་པ་ཞིག་རེད་འདོད་ཡོད། དེ་ནི་ངའི་ཚེ་སྲོག་གིས་ང་ལ་བཀོད་སྒྲིག་བྱས་པའི་འགན་འཁྲི་ཞིག་རེད། ཚད་གཞི་ཇི་འདྲ་ཞིག་ཏུ་བསྒྲུབ་ཐུབ་མིན་དང་རྒྱུན་རིང་ཐུང་གང་འདྲ་ཞིག་ལ་བསྐྱོད་ཐུབ་མིན་ནི་ང་རང་གིས་འདང་རྒྱག་དགོས་པ་ཞིག་མ་རེད། དེར་བརྟེན། ངའི་ངོས་ནས་ལོ་རྒྱུས་ཡིག་བསྒྱུར་བྱེད་པ་ནི་དགའ་ཞེན་དང་འགན་འཁྲི་ཟུང་དུ་འབྲེལ་བའི་བྱེད་ནུས་ཀྱིས་སྒྲུབ་བཞིན་པའི་བྱ་བ་ཞིག་ཡིན།[མུ་འགོད](རྩོམ་འགན་པ། རྟ་མགྲིན)