ཤར་ཕྱོགས་མི་རིགས་ཀྱི་དེང་རབས་ཅན་ལ་ཁྱད་ཆོས་ཤིག་ཡོད་པ་ནི། ཁོ་ཚོ་རྟག་པར་ནུབ་ཕྱོགས་སྔོན་ཐོན་རིག་གནས་ལ་སློབ་སྦྱོང་དང་རང་ངོས་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་པའི་ཐད་ལ་སོམ་ཉིས་ཁེངས་ཡོད་པ་དེ་ཡིན། ཤེས་ལྡན་པ་ཕལ་མོ་ཆེར་མཚོན་ན་སོམ་ཉི་འདི་ལྷག་ཏུ་ཆེ།འདིས་བཅོས་བསྒྱུར་གྱི་ཚོགས་ཁག་མི་འདྲ་བ་གྲུབ་པར་བྱས།
ཏུར་ཁེའི་སྲིད་འཛིན་ཨེར་ཏོན(土耳其总统埃尔多安) གྱིས་གཞོན་དུས་སུ་ཆོས་ལུགས་བརྗོད་བྱར་བྱས་པའི་སྙན་ངག་ཅིག་གྱེར་འདོན་བྱས་པས་ཁྲིམས་ལ་སྦྱར་མྱོང་། ཉེ་ཆར། ཏུར་ཁེའི་སྲིད་འཛིན་ལ་བདམས་མ་ཐག་པའི་ཨེར་ཏོན་གྱིས་རྒྱལ་ས་ཨན་ཁ་ར་ནས་འཚོགས་པའི་ཆོས་ལུགས་ལས་དོན་ཚོགས་འདུ་ཞིག་གི་སྟེང་དུ་ཨོ་སི་མན་གྱི་སྐད་ཡིག(奥斯曼语)གི་སློབ་སྦྱོང་དེ་མཐོ་འབྲིང་གི་གཙོ་སྦྱོང་སློབ་ཐུན་དུ་འཇོག་པའི་དགོངས་པ་བཏོན། དེས་ཏུར་ཁེའི་སྤྱི་ཚོགས་སུ་རིག་གནས་དང་སྲོལ་རྒྱུན་བསྐྱར་གསོའི་སྐོར་གྱི་རྩོད་པ་ཐེངས་ཤིག་བསླངས། ཏུར་ཁེའི་གནད་དོན་འདིའི་རྣམ་པ་ལ་མི་མཐུན་ས་ཅུང་ཙམ་ཡོད་མོད། འགྱངས་ཡོང་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ལ་མཚོན་ན་ཡོངས་ཁྱབ་རང་བཞིན་ངེས་ཅན་ལྡན།
ཤར་ཕྱོགས་མི་རིགས་ཀྱི་དེང་རབས་ཅན་ལ་ཁྱད་ཆོས་ཤིག་ཡོད་པ་ནི། ཁོ་ཚོ་རྟག་པར་ནུབ་ཕྱོགས་སྔོན་ཐོན་རིག་གནས་ལ་སློབ་སྦྱོང་དང་རང་ངོས་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་པའི་ཐད་ལ་སོམ་ཉིས་ཁེངས་ཡོད་པ་དེ་ཡིན། ཤེས་ལྡན་པ་ཕལ་མོ་ཆེར་མཚོན་ན་སོམ་ཉི་འདི་ལྷག་ཏུ་ཆེ། འདིས་བཅོས་བསྒྱུར་གྱི་ཚོགས་ཁག་མི་འདྲ་བ་གྲུབ་པར་བྱས། དེ་ལ་གཙོ་བོར་འདུམ་འགྲིག་ཚོགས་ཁག་དང་མྱུར་སྐྱོད་ཚོགས་ཁག་གཉིས་སུ་དབྱེ་ཆོག
འདུམ་འགྲིག་ཚོགས་ཁག་གིས་རང་ཉིད་ཀྱི་སྲོལ་རྒྱུན་བཟང་བར་འདོད་ཅིང་ནུབ་ཕྱོགས་ནས་སྔོན་ཐོན་ལག་རྩལ་འབའ་ཞིག་སྦྱང་པས་འཐུས། རང་ཉིད་ཀྱི་སྲོལ་རྒྱུན་བཟང་པོ་དང་རིག་གནས་བཟང་པོའི་ཆ་འཛིན་པ་དེ་ལ་ཀྲུང་གོ་ནས“ཀྲུང་གོའི་སྲོག་ལ་ནུབ་ཀྱི་གོས་ཀྱིས་བརྒྱན”ཟེར་ཞིང་། མུ་ཟི་ལིམ(穆斯林)གྱི་འཇིག་རྟེན་ནས་འདི་ལ་དབྱི་སི་ལམ་དེང་རབས་རང་ལུགས་ཟེར། མྱུར་སྐྱོད་ཚོགས་ཁག་གིས་ཡོད་ཚད་ནུབ་སྒྱུར་བྱེད་པར་འབོད་སྐུལ་གཏོང་། དཔེར་ན། ཀྲུང་གོའི་ཧུའུ་ཧྲི་དང་ཁྲིན་ཞི་ཅིང་སོགས་ཀྱི་ལང་ཕྱོགས་ལྟ་བུ་རེད། ཏུར་ཁེ་ནས་འདི་ཁེ་མོར་ཏང་མིའི(凯末尔党人)ལང་ཕྱོགས་རེད།
ཏིར་ཁེ་ཡི་ཐུན་མོང་མིན་པའི་ཆ་ཞིག་ནི། ཁོ་དངོས་སུ་ཡོད་ཚད་ནུབ་སྒྱུར་གྱི་ལམ་དུ་ཞུགས་མྱོང་། དེ་ནི་ཁེ་མོར་ཏང་མིས ༡༩༢༣ ལོར་རྒྱལ་ཁབ་བཙུགས་རྗེས་ལག་བསྟར་བྱས་པའི་མྱུར་སྐྱོད་བཅོས་བསྒྱུར་ཡིན་ལ། ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། ཆོས་ལུགས། དམངས་སྲོལ། གོས་རྒྱན་སོགས་ཀྱི་ཐད་ནས་ཡོད་ཚད་ནུབ་ལ་ལད་མོ་བྱེད་པ་ཞིག་རེད། འདིའི་ནང་ནས་གླེང་རི་བ་ཞིག་ནི་ཡི་གེ་བཅོས་བསྒྱུར་ཏེ། ལ་ཏེན་ཅན་གྱི་བཅོས་བསྒྱུར་སྐད་པ་ཡིན། འདི་ནི་ཏུར་ཁེས་དེང་རབས་རང་བཞིན་ལ་སྙེག་པའི་མྱུར་སྐྱོད་ཀྱི་འགྲོས་རིམ་ཞིག་རེད། ཀན་ཡང(甘阳)གིས་སྔོན་ཞིག་ལ་འདི་ལྟར་བཤད་མྱོང་སྟེ། ཏུར་ཁེའི་ཡི་གེའི་བཅོས་བསྒྱུར་འདིས་ཕྱི་རབས་པར་རང་གི་གནའ་དེང་གི་ཡིག་ཚང་གཏན་ནས་མི་གོ་བ་དང་ལོ་རྒྱུས་སྦད་དེ་གཏུབ་པར་བྱ་ངེས། འདི་ནི་རིག་གནས་ཀྱི་སྟེང་གི“རང་གི་ཕོ་བྲང”རྣམ་པའི་དེང་རབས་ཅན་དུ་གཏོགས།
བཅོས་བསྒྱུར་མ་བྱས་གོང་དུ་ཨོ་སི་མན་ནམ་ཏུར་ཁེའི་ཡི་གེ་ནི་ཨ་རབ་དབྱངས་གསལ་གྱིས་འབྲི་བ་རེད། ཨོ་སི་མན་ནམ་ཏུར་ཁེའི་སྐད་ཡིག་ནི་གཙོ་བོ་ཨལ་ཐེ་སྐད་རྒྱུད་ཀྱི་ཐུའུ་ཅེ་སྐད་ཁྱིམ (阿尔泰语系的突厥语族) ལ་གཏོགས། ཨོ་སི་མན་གྱི་སྐད་ཕལ་མོ་ཆེ་ཡིག་སྐད་ཡིན། ཨ་རབ་ཀྱི་དབྱངས་གསལ་ལ་སྦྱང་བ་ངེས་ཅན་མ་བྱས་ན་ཤེས་དཀའ། གལ་སྲིད་ཨ་རབ་ཀྱི་དབྱངས་གསལ་ཤེས་པའི་དབང་དུ་བཏང་ཡང་ཨོ་སི་མན་གྱི་ཡི་གེ་ཤེས་པའི་ངེས་པ་ཡང་མེད། དུས་རབས ༡༩ སྔོན་གྱི་ཨོ་སི་མན་ཡི་གེ་དེ་ལས་ཀྱང་དཀའ་སྟེ། དེ་ནི་པར་སིག་སྐད་དང་ཨ་རབ་སྐད་ཀྱི་མིང་བསྲེས་མ་མང་བོས་གྲུབ་པས། ཚིག་གི་བརྡ་སྤྲོད་ཀྱི་སྟེང་ནས་ཐུའུ་ཅེ་ཡིན་ནའང་། ཨ་རབ་དང་པར་སིག་སྐད་ཀྱི་རྨང་གཞི་ངེས་ཅན་མེད་ན་ཨོ་སི་མན་གྱི་གནའ་རྩོམ་ཀློག་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན།
ལ་ཏེན་ཅན་གྱི་ཡི་གེའི་བསྒྱུར་བཅོས(拉丁化的文字改革)དེ་ཏུར་ཁེའི་ཕྱོགས་ཡོངས་ནས་ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པའི་རིག་གནས་གསར་བརྗེ་ཡི་གྲུབ་ཆ་གཅིག་ཡིན། དེ་གོ་དཀའ་བ་ཞིག་མིན་ཏེ། དོན་དུ་མི་རིགས་མང་བོར་ཉེ་རབས་སུ་རང་གི་ཡི་གེ་ལ་ཏེན་ཅན་བྱེད་པའི་བསམ་ཚུལ་ཡོད། དམིགས་ཡུལ་ནི་ཏག་ཏག་རང་གི་སློབ་མར་ནུབ་ཡིག་དང་ནུབ་ཀྱི་ཤེས་བྱ་རིག་གནས་མྱུར་མོར་ལོབས་སུ་འཇུག་པ་རང་ཡིན། ཐ་ན་སྒྲ་སྦྱོར་ཡི་གེ་མིན་པའི་རྒྱ་ནག་ཡི་གེའང་མི་རེ་འགས་ཆིང་མཇུག་མང་སྟོད(清末明初)དུ་ལ་ཏེན་ཅན་ལ་གཏོང་འདོད་སྐྱེས།
ང་ཚོས་ཆུང་དུས་ནས་ནུབ་ཀྱི་དབྱངས་གསལ་ལ་བརྟེན་ནས་རྒྱ་ཡིག་གི་སྒྲ་གདངས་བསླབས། ད་ལྟའི་དྲ་བའི་དུས་རབས་ཀྱི་སྐུད་ཐོག་ཁ་བརྡ་རུ་ཡང་རྒྱུན་དུ་སྒྲ་ཡིག་གིས་གླེང་མོལ་བྱེད་པའི་གནས་ཚུལ་འདུག དེ་བས། ལ་ཏེན་ཅན་ནི་ཏུར་ཁེ་ལ་ཆེད་དུ་ཡོད་པའི་སྣང་ཚུལ་ཞིག་མ་རེད།
ད་དུང་དཔེ་ཞིག་འཇོག ཡ་གླིང་དཀྱིལ་མའི་རྒྱལ་ཁབ་མང་བོ་ཞིག་ལ་སྔོན་ཨུ་རུ་སུའི་ཤུགས་རྐྱེན་ཐེབས་པས་རྒྱུན་རིང་བོར་ཞེ་ལེར་དབྱངས་གསལ(西里尔字母)སྤྱད་ཡོད་དེ། དཔེར་ན། དུས་རབས་གོང་མའི་ལོ་རབས ༢༠ བའི་སྔོན་དུ་ཧ་སག་སྐད་ལ་ཨ་རབ་ཀྱི་དབྱངས་གསལ་སྤྱད་ཅིང་། ལོ་རབས ༢༠ ནས ༤༠ བར་ལ་ཏེན་དབྱངས་གསལ་སྤྱད། ལོ་རབས ༤༠ བ་ནས་བཟུང་ཨུ་རུ་སུས་སྤྱོད་པའི་ཞེ་ལེར་དབྱངས་གསལ་སྤྱད། འཇམ་འཐབ(cold war)མཇུག་རྫོགས་རྗེས། ཁོ་ཚོས་སླར་ཡང་ཨུ་རུ་སུའི་ཤུགས་རྐྱེན་ལྡོག་སྟེ་རང་གི་ཡི་གེ་ལ་ཏེན་ཅན་དུ་བྱས། ཏུར་མེན་སི་ཐན(土库曼斯坦)དང་ཨུ་ཟ་བྷེ་ཁི་སི་ཐན(乌兹别克斯坦)གཉིས་ཀྱིས་ད་ལྟ་ལ་ཏེན་ཅན་དུ་བསྒྱུར་ཚར་འདུག འོན་ཀྱང་། བརྒྱུད་རིམ་འདི་ཤིན་ཏུ་རིང་ངེས་ཏེ་རྒྱུ་མཚན་ནི་མིས་བཟོས “ཡིག་རྨོངས་པ”མང་བོ་བསྐྱེད་སྲིད་པས་སོ།། གང་ལྟར། ཡི་གེ་སྤྱོད་པར་གཞན་རྟེན་རང་བཞིན་ཡོད། དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་སུ་དམིགས་བསལ་གྱི་དབང་ཆ་ལ་མ་བརྟེན་ན་ཡི་གེ་བསྒྱུར་བཅོས་མགྱོགས་པོར་བྱེད་པ་ཤིན་ཏུ་དཀའ།
ད་ནི་གནད་དོན་འདི་འདྲ་ཞིག་འབྱུང་། ཏུར་ཁེས་ཡང་བསྐྱར་ཨོ་སི་མན་སྐད་ཡིག་གི་སློབ་གསོ་གླེང་དོན་ཅི། ཨེར་ཏོན་གྱིས་དྲངས་པའི་རྒྱུ་མཚན་གོ་སླ་སྟེ། ཁོས་ཨོ་སི་མན་སྐད་ཡིག་སློབ་སྦྱོང་བསྐྱར་གསོ་བྱེད་པའི་སློབ་གསོའི་སྲིད་ཇུས་ནི་ཏུར་ཁེ་རང་གི“རྩ་བ”བསྐྱར་གསོ་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་ཡིན་པར་འདོད་ཡོད། ལ་ཏེན་ཅན་གྱིས་མི་རབས་མང་བོ་ཞིག་ལ་དེ་སྔོན་གྱི་ལོ་རྒྱུས་ཡིག་ཚང་གོ་ཐབས་མེད་པར་བྱས་པ་དང་ཁོ་ཚོའི་ཡབ་མེས་ཀྱི་དུར་མིང་དེ་ལས་ཀྱང་ཀློག་མི་ཤེས་པར་བཏང་། ཨེར་ཏོན་གྱིས་ཨོ་སི་མན་སྐད་ཡིག་མེད་པར་གཏོང་བ་དེ་ཏུར་ཁེའི“རྐེ་རྩ”བཅད་པའི་དཔེ་རུ་བཞག་འདུག དེའི་མཇུག་འབྲས་ནི“ཨ་ཙི། ཚན་རིག་གི་ཡོན་ཚད་ཤིན་ཏུ་མཐོ་བའི་ང་ཚོའི་མི་རིགས་འདི། ཆགས་འཇིག་འདི་ཙམ་གྱིས་ཁོའི་ཤེས་རབ་ཞ་བོར་བཏང”བ་དེ་ཡིན།
འདས་པའི་དུས་ཀྱི་ཨོ་སི་མན་ཡི་གེའི“གསར་བརྗེ”དང་ད་ལྟའི་ཁོའི་བསྐྱར་གསོན་གྱི་རྒྱུ་མཚན་དང་གཏན་ཚིགས་གཅིག་ཡིན་པ་བལྟས་ན་ཤེས། འདས་པའི་དུས་སུ་དེང་རབས་ཅན་དང་ནུབ་ཕྱོགས་ལ་བཅར་བའི་ཕྱིར་རེད། ད་ལྟ་དེང་རབས་ཅན་མངོན་གྱུར་བྱས་ཟིན་མོད། མི་རིགས་རིག་གནས་ཀྱི་རྩ་བ་ཡུན་རིང་ལ་ཆད་འདུག དེ་ཡང་བདེ་ཐང་ཞིག་མ་རེད་ཨང་། དེ་བས། ཨོ་སི་མན་ཡི་གེའི་སློབ་གསོ་བསྐྱར་གསོ་བྱེད་པ་དེ་ཡང་མི་རིགས་སྔར་བས་བདེ་ཐང་དང་ཡོངས་འགྲུབ། ཡར་ཐོན་ཡོང་བའི་ཆེད་དུ་ཡིན། འདི་ནི“དེ་ནི་དེ་དང་འདི་ནི་འདི”ཞེས་པའོ།། ཧུའུ་ཧྲིས་སྔོན་ཆད་འདི་ལྟར་བཤད་མྱོང་། ཡོ་ཚད་ནུབ་བསྒྱུར་བྱེད་པ་དེ་ལག་ལེན་གྱི་སྟེང་ནས་དཔེ་མི་སྲིད་པ་ཞིག་རེད། བློ་གཅིག་སེམས་གཅིག་གིས་ནུབ་བསྒྱུར་བྱས་ཏེ་མཐའ་མཇུག ༥༠% ཡི་གྲུབ་འབྲས་ལོན་ན་རབ་རེད་ཅེས་ཟེར།
ཏུར་ཁེས་ཡོད་ཚད་ནུབ་བསྒྱུར་བྱས་ནས་ལོ་འདི་འདྲ་མང་བོ་ཞིག་འགོར་ཡང་མཐར་ནུབ་ཕྱོགས་པར་མ་གྱུར་པ་མ་ཟད་སྲོལ་རྒྱུན་བསྐྱར་གསོན་བྱུང་། འདི་ཞང་ཡན་ཏིན(享延顿)གྱིས་ཉམས་ཞིབ་བྱས་པ་དང་འཚམས་ཏེ། ནུབ་ཕྱོགས་ཅན་གྱི་ལམ་དུ་བགྲོད་པའི་རྒྱལ་ཁབ་ཅིག་འཕེལ་རྒྱས་སུ་སོང་ནས་ཚད་ངེས་ཅན་ལ་ཐོན་ཏེ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་དུས་ཕྱིར“ཕ་མེས་ཡང་མེས་ལ་སྐོར་རྒྱག”ཏུ་ཡོང་ངེས། སྲོལ་རྒྱུན་ལས་རྩ་བ་འཚོལ་ངེས། ཡ་གླིང་གི་རིན་ཐང་ལྟ་བ་དང་དབྱི་སི་ལམ་གྱི་བསྐྱར་གསོན་གང་ཡིན་ཡང་། གཏན་ཚིགས་ཀྱི་ངོས་ནས་སྣང་ཚུལ་འདི་དག་ཤིན་ཏུ་མཐུན།
ཏུར་ཁེས་ཁེ་མོར་དུས་སྐབས་ནས་བཟུང་ནུབ་ཕྱོགས་ཅན་ལ་འབད་པ་ནས ༡༩༤༠ ལོའི་དཀྱིལ་དུ་ནུབ་ཕྱོགས་སྒར་ཁོངས་ལ་ཞུགས་པའི་བར་དང་། བྱང་འབྲེལ་རྒྱལ་ཁབ་ཏུ་གྱུར་པ་ནས་ཡོ་རོབ་མནའ་འབྲེལ་དུ་ཞུགས་པར་འབད་འབུངས་བྱས་པའི་བར། འཛམ་གླིང་ནས་ད་དུང་ཁོ་དང་འདྲ་བའི་ཕྱིར་ལྟས་མེད་པར་ནུབ་ཕྱོགས་རྒྱལ་ཁབ་ལ་བཅར་མཁན་ཞིག་འཚོལ་དུ་དཀའ། འོན་ཀྱང་། འཇམ་འཐབ་མཇུག་རྫོགས་པ་དེས་ཏུར་ཁེའི་ས་ཁོངས་ཆབ་སྲིད་ལ་འགྱུར་བ་ཐེབས། ཁོ་རང་ནུབ་ཕྱོགས་སྒར་ཁོངས་ཀྱི་ཁམས་ཀྱི་རྒྱལ་ཁབ་ཅིག་ནས་སྐད་ཅིག་ཏུ་སླར་ཡང་ཁེར་ཧྲེང་དུ་གྱུར་པ་འདྲ། ཁོའི་ནུབ་ཕྱོགས་སྒར་ཁོངས་ཀྱི་གོ་ས་ཇེ་དམར་སོང་། མ་གཞི་ནུབ་ཕྱོགས་སུ་ཤི་རྒྱུག་བྱེད་པའི་སྲིད་ཇུས་དུས་དང་མི་འཚམས། ཏུར་ཁེའི་མི་ཚོས་རང་ཉིད་ཡང་བསྐྱར་འཚོལ་ཞིང་ཡང་བསྐྱར་འཛམ་གླིང་ལ་བལྟ་དགོས་པ་བཤད་ཅི་དགོས།
ཏུར་ཁེས་ཕར་ལྟ་ཚུར་ལྟ་བྱས་བྱས་མཐར། མཚོ་ནག་དང་ཡ་གླིང་དཀྱིལ་མ། ཤར་དཀྱིལ། ཡོ་རོབ་བར་ཀྱི“དབང་ལྟེའི་རྒྱལ་ཁབ”ཅིག་བྱེད་པར་སེམས་ཐག་བཅད། དེའི་ཕྱིར། ཕྱི་འབྲེལ་གྱི་ཐད་ནས་མཐའ་འཁོར་ལ་དོ་སྣང་བྱེད་དགོས། ནུབ་ཕྱོགས་འབའ་ཞིག་མིག་གིས་འཚོ་མི་རིགས། ནང་གི་ཆབ་སྲིད་ཐད་ནས་ཡོད་ཚད་ནུབ་བསྒྱུར་བྱེད་པའི་ལམ་བཅོས་སྒྲིག་བྱེད་དགོས། རང་ཉིད་ནི་མུ་སི་ལིམ་གྱི་རྒྱལ་ཁབ་ཅིག་ཡིན་པ་ལས་ནུབ་ཕྱོགས་རྒྱལ་ཁབ་ནི་མིན། སྔོན་གྱི་རིག་གནས་སྲིད་ཇུས་དང་འདུ་ཤེས་འཛིན་སྟངས་ལ་བཅོས་སྒྲིག་བྱེད་དགོས། ཁྱད་པར་དུ་ཏུར་ཁེ་འཛམ་གླིང་ཅན་གྱི་འཕེལ་ལམ་ཁྲོད་ཞུགས་པ་ལས་བྱུང་བའི་གསར་དར་འབྱོར་འབྲིང་རིམ་གྲས་སྟེ། ཁོ་ཚོ་འདས་སོང་གི་ཁེ་མོར་རང་ལུགས་ཀྱི་རྒྱལ་ཁབ་ཆགས་གཞིའི་ནང་ཡུན་རིང་ལ་མཐའ་འདེད་བྱས་ཤིང་། ད་ལྟ་དམངས་གཙོ་ཅན་གྱི་འཕེལ་ལམ་བརྒྱུད་དེ་ཡུན་གྱིས་དབང་ཆ་བཟུང་། ཁོ་ཚོ་ནི་རང་གི་སྲོལ་རྒྱུན་ལ་ལྷག་ཏུ་དགའ་ཞིང་ཁེ་མོར་རང་ལུགས་ཀྱི་ཡོད་ཚད་ནུབ་སྒྱུར་ལ་སྔར་ནས་རྒོལ། ཁོ་ཚོས་རྒྱལ་ཁབ་ཀྱི་དབང་ཆ་བཟུང་ཚེ་གནས་སྟངས་ལ་དཔྱད་ནས་སྒྲིག་གསར་འཚོལ་དཔྱོད་བྱེད་པ་བཤད་མ་དགོས། ཏུར་ཁེ་ནས་ཕྱི་ནང་གི་སྲིད་ཇུས་སྒྲིག་བཅོས་འདི་ལ“ཨོ་སི་མན་རང་ལུགས་གསར་མ”ཞེས་སུ་འབོད།
གནས་ལུགས་ལྟར་བཤད་ན། ཏུར་ཁེ་བགྲོད་པ་ནི་རྒྱལ་ཁབ“རང་བྱུང་ཅན”གྱི་ལམ་ཞིག་ཡིན། ཇི་ལྟར་བཤད་རུང་། ཏུར་ཁེའི་འདས་སོང་གི་ཕྱི་དང་ནང་གི་སྲིད་ཇུས་ལ་ཡོ་གཟུར་ཡོད་པ་མངོན་གསལ་ཡིན། མི་རིང་བའི་སྔོན་ལ། གཙོ་བོ་ཨེར་ཏོན་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་གྲུབ་པའི་རྒྱལ་ཁབ་སློབ་གསོའི་ལས་དོན་ཚོགས་པས་འདེམས་ཤོག་འཕངས་དེ་ཆོས་ལུགས་མཐོ་འབྲིང་ནས་ཨོ་སི་མན་སྐད་ཡིག་གཙོ་སྦྱོང་དང་སྤྱིར་བཏང་མཐོ་འབྲིང་ནས་འདེམས་སྦྱོང་བྱེད་པར་རྒྱབ་སྐྱོར་ཐོབ་ཡོད། ལས་སྟངས་འདི་མྱུར་སྐྱོད་མིན་ཏེ་ཁོས་དེང་རབས་ཏུར་ཁེའི་སྐད་ཡིག་རྩ་མེད་བྱེད་དགོས་ཟེར་གྱིན་མེད། དེ་ནི་ཀྲུང་གོའི་སློབ་མར་གནའ་རབས་རྒྱ་ཡིག་སྦྱོང་དུ་འཇུག་པ་དང་འདྲ་བས་མི་ཆོག་པ་ཅི་ཡོད། ཨེར་ཏོན་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཨོ་སི་མན་སྐད་ཡིག་ཏུར་ཁེའི་སློབ་མའི་སློབ་ཚན་གཙོ་བོར་བྱེད་པ་དེས། ཁེ་མོར་ཏང་མིའི་མྱུར་སྐྱོད་བཅོས་བསྒྱུར་གྱིས་བྱས་པའི་ཏུར་ཁེ་དང་དེའི་སྲོལ་རྒྱུན་གྱི་བར་མཚམས་བཅད་པ་ཕྱིར་མཐུད་པར་ཕན་པར་འདོད་ཡོད། ལྟ་སྟངས་འདིར་གནས་ལུགས་ཆེན་པོ་ཡོད།
ཡིན་ཡང་། ཨེར་ཏོན་གྱིས་བྱེད་སྟངས་འདི་འདྲ་ཞིག་གི་འགོ་བརྩམས་པར་ཏུར་ཁེ་ནང་ཁུལ་ནས་དགག་རྒྱག་ཀྱང་བྱས་ཡོད། ངོ་རྒོལ་ཚོགས་པས་ཨེར་ཏོན་གྱི་བྱེད་སྟངས་འདིས་ཏུར་ཁེའི་བྱིས་པ་ཚོར“འཛམ་གླིང་ལ་དོགས་པ་སློང་བའི་ནུས་པ”འཆོར་དུ་འཇུག་ཟེར། “ཁོ་ཚོས་ཏུར་ཁེ་དུས་རབས་བར་མའི་རྒྱལ་ཁབ་ཅིག་ཏུ་གཏོང་འདོད་པ་རེད་མོད། ཁོ་ཚོ་གཏན་ཏུ་རྒྱལ་མི་སྲིད”ཟེར། དོན་དུ། ངོ་རྒོལ་བྱེད་མཁན་འདི་དག་གི་སྐད་ཆའི་ཕྱེད་ཀ་ཙམ་ལས་མི་འགྲིག ཨེར་ཏོན་གྱིས་ཏུར་ཁེ་དུས་རབས་བར་མའི་རྒྱལ་ཁབ་ཅིག་ཏུ་གཏོང་འདོད་པའི་ངེས་པ་མེད། གལ་སྲིད་ཁོས་དེ་ལྟར་འདོད་པའི་དབང་དུ་བཏང་ཡང་། དེ་དངོས་གནས་ལེགས་འགྲུབ་འབྱུང་མི་སྲིད། ཨེར་ཏོན་ལ་ཏུར་ཁེ་ནས་སྐུ་ཡོན་ཤིན་ཏུ་ཆེ་ཞིང་རྒྱབ་སྐྱོར་བྱེད་མཁན་ཡང་དེ་འདྲ་མང་བས། ཁོ་ནི་དམངས་ཀྱི་ཡིད་ཆེས་ཐོབ་པའི་ཆབ་སྲིད་སྣེ་ཁྲིད་པ་ཞིག་ཏུ་ཁས་མི་ལེན་ཐབས་མེད་རེད།
རྒྱལ་ཁབ་ཅིག་དང་མི་རིགས་ཤིག ཐ་ན་མི་ཞིག་གི་ཐོབ་ཐང་དང་ཁས་ལེན་མིན་ཚང་མ་བསྒྱུར་དུ་མེད་པ་ཞིག་མིན་པར་འགྱུར་བའི་ངང་དུ་གནས་ཡོད། དེ་བས། གནད་དོན་འདིའི་ངོས་འཛིན་དང་ཞིབ་འཇུག་ཀྱང་ལོ་རྒྱུས་གནད་དོན་འབའ་ཞིག་མ་རེད། ང་ཚོ་རྒྱུན་ཆད་མེད་པའི་དུས་ཚོད་ཀྱི་རླབས་རྒྱུན་ཁྲོད་ན་གནས། དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བསྟུན་ནས་མི་སྒེར་དང་ཚོགས་པ་ཚང་མས་གནས་སྟངས་གསར་བ་དང་འཐབ་ཡུལ་གསར་བར་གདོང་མི་གཏོད་ཐབས་མེད་ཡིན། རྣམ་ཀུན་ཁ་ནང་ལྟོས་ཀྱིས་ཡང་བསྐྱར“ངའམ་ང་ཚོ་སུ་རེད”ཅེས་པའི་གཞི་རྩའི་གནད་དོན་འདི་ལ་དྲི་བ་འདོན་དགོས། གནད་དོན་འདི་འཇམ་འཐབ་ཕྱི་མའི་དུས་ཀྱི་ཏུར་ཁེ་ལ་མཚོན་ན་འདི་འདྲ་ཞིག་རེད་ལ།ཡར་ལང་བཞིན་པའི་ཀྲུང་གོར་མཚོན་ནའང་ཡང་དེ་བཞིན་ཡིན་རྒྱུ་རེད།(རྩོམ་འགན་པ། རྟ་མགྲིན)