《རྒྱལ་སྤྱིའི་གདོང་སྐྱོད་གནས་འཕྲིན》གྱི་གསར་འགོད་པས་དོ་སྣང་བྱུང་བ་ལྟར་ན། “ཚོགས་ཆེན་གཉིས”ཀྱི་སྐབས་ནས་གཏམ་གཅིག་གིས་མི་བརྒྱ་བཟི་རུ་འཇུག་མཁན་ལོ་ཙཱ་བ་སུན་ཉིང་ལས་འགན་ཚེགས་ཆེ་བའི་རྐྱེན་གྱིས G20 ཚོགས་འདུའི་ལས་རིམ་ནང་དྲན་པ་བརྒྱལ་ཏེ་འགྱེལ་བས། རྨ་ཁ་ཁ་ཤས་ལ་འཚེམ་བུ་རྒྱག་དགོས་བྱུང་བར་རྟེན་འཆར་ཡོལ་ངོས་སུ་ཐོན་རྒྱུའི་གོ་སྐབས་ཤོར་ཡོད་འདུག
“ཉེ་བའི་ལོ་ངོ་གཉིས་ནང་རྒྱལ་ཁབ་འགོ་ཁྲིད་པས་ཕྱི་བགྲོད་གོ་སྒྲིག་ལས་འགན་ཇེ་མང་དུ་ཕྱིན་པས་ལོ་ཙཱ་ཁང་གི་ལས་མི་ཚོ་ཡང་མཉམ་དུ་བྲེལ་བ་ཧ་ཅང་ཚ་པོ་མེད་དམ”ཞེས་ཕྱི་འབྲེལ་སློབ་གླིང་གི་མཐོ་རིམ་ལོ་ཙཱའི་དགེ་རྒན་གྲགས་ཅན་ཝང་ཡེན་ནས་བརྗོད་དོན། ཕྱི་འབྲེལ་སློབ་གླིང་གི་སློབ་མས་ཕྱི་འབྲེལ་པུའུ་ལོ་ཙཱ་ཁང་གི་ལས་མིའི་གྲངས་ཀ་ཕྱེད་ཀ་ཡན་ཟིན་ཡོད་ཅིང་། དེ་དག་ཕལ་མོ་ཆེར་ཁོ་མོས་དུས་ཚོད་མང་ཉུང་ལ་མ་ལྟོས་པར་སློབ་ཁྲིད་བྱེད་མྱོང་ཞིང་ལས་བྲེལ་ཅུང་ཆེ་བ་ཙམ་ལས་སྔར་ནས་སྡུག་སྨྲེ་ཙམ་ཡང་བོར་མ་མྱོང་། ཞེས་གཟི་བརྗོད་དང་ཡིད་ཚིམ་པའི་གདངས་ཀྱིས་སྨྲས། གསར་འགོད་པར་རྒྱུས་ལོན་བྱུང་བར་ལྟར་ན། སུན་ཉིང་ལ་རྨས་སྐྱོན་ཕོག་རྗེས་ད་དུང“རྨས་སྐྱོན་ཆུང་ཙག་གིས་དཔའ་ཞུམ་མི་ནུས”ཟེར་བཞིན་ལས་ཀར་ཞུགས་པ་རེད། ཕྱི་འབྲེལ་དཔོན་རྒན་གྲས་ཤིག་གིས་གསར་འགོད་པའི་བཅར་འདྲིར་ལན་འདེབས་སྐབས། “ཕྱི་འབྲེལ་ལས་ཁུངས་ཀྱི་གཞོན་སྐྱེས་འདི་ཚོ་ཤ་ཚོ་བོ་ཤ་སྟག་རེད”ཅེས་ཡི་རངས་བྱེད།
ཕྱི་འབྲེལ་པུའུ་ལོ་ཙཱ་ཁང་ནི་ཀྲུང་གོའི་འགོ་ཁྲིད་ཀྱིས་ཕྱི་ཕྱོགས་ལས་དོན་གལ་ཆེན་སྤེལ་སྐབས་ཉེ་བར་སྤྱོད་པའི་ལོ་ཙཱའི་རྐང་འཛིན་དཔུང་ཁག་དེ་རེད། ལས་སྒྲུབ་ཁང་དེའི་ནང་དུ་དབྱིན་ཡིག་དང་ཧྥ་རེན་སེའི་ཡིག་རིགས་གཙོས་མཐོ་རིམ་ལོ་ཙཱ་བ་བདུན་བཅུ་ནས་བརྒྱད་བཅུ་བར་འདུས་ཡོད་པ་དང་ལོ་ཙཱའི་ལས་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཧུད་ཀྱིས་སྔོན་ཙམ་ནས་སྤྱི་ཚོགས་སུ་མངོན་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོའི་འགོ་ཁྲིད་ཀྱི་མཐོ་རིམ་ལོ་ཙཱའི་དཔུང་ཁག་འདིའི་ལོ་ཙཱ་བའི་ཆ་སྙོམས་ལོ་ཚོད ༣༡ ཡིན་པ་དང་དེའི་ནང་ནས་བུད་མེད་ཀྱིས་བརྒྱ་ཆ ༧༠ ཟིན་ཡོད་པ་རེད་ཟེར།
༡༩༨༡ ལོར་སྐྱེས་པའི་སུན་ཉིང་ནི་པེ་ཅིང་ཕྱི་སྐད་སློབ་ཆེན་ནས་མཐར་ཕྱིན་པ་དང་མཐོ་རིམ་ལོ་ཙཱ་བ་གཞན་ཕལ་མོ་ཆེ་དང་མཚུངས་པར་ཁོ་པ་རྒྱལ་ཡོངས་དབྱིན་ཡིག་གཏམ་བཤད་འགྲན་བསྡུར་ཐོག་གི་ཨང་དང་པོ་ཐོབ་མཁན་དེ་རེད། སྐབས་དེར་འགྲན་ཞུགས་སློབ་མའི་འགོ་ཁྲིད་མཁན་དགེ་རྒན་ཝང་ཡེན་ཡིན་པའི་ཆ་ནས་ཁོ་མོས་སུན་ཉིང་ལ་བག་ཆགས་ཟབ་མོ་ཡོད་ཚུལ་བརྗོད་པ་དང་རྗེས་སུ་ཁོས་རྒྱལ་ཁབ་འགོ་ཁྲིད་པའི་ལོ་ཙཱའི་བརྙན་ཐུང་འགའ་ལ་བལྟས་རྗེས་ཁོ་པར་གདེང་འཇོག་མཐོན་པོ་བྱས་ཡོད། “ཁོ་པ་དངོས་གནས་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་ལོ་ཙཱ་བྱས་པ་གནད་དུ་ཁེལ་བ་ཡོང་འདུག”ཟེར། ཁོ་པའི་མཐོ་འབྲིང་དགེ་རྒན་གྱིས་ཀྱང་སྨྱན་ལམ་དུ་འགྲེལ་བརྗོད་བྱས་པ་ལྟར་ན། སུན་ཉིང་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀར་ནང་བྱན་ཆུད་པ་ཞིག་ཡིན་པ་དང་རྩོམ་རྩལ་ཀྱང་ཚད་མཐོན་པོར་སླེབས་ཡོད་ཟེར། ཁོ་པ་ལོ ༡༧ ཡིན་སྐབས་དགེ་རྒན་ལ་གཞོགས་འདེགས་བྱས་ནས་དབྱིན་ཡིག་བསླབ་གཞིར་ཞུ་དག་བྱེད་མྱོང་བ་དང་ཀྲུང་ཨོའོ་དབྱིན་གསུམ་གྱི་གཏམ་བཤད་འགྲན་བསྡུར་ནང་དམིགས་བསལ་བྱ་དགའ་ཐེངས་གཉིས་ལ་རེག་ཡོད་ཟེར།
ཝང་ཡེན་གྱི་ངོ་སྤྲོད་བྱས་དོན་ལ། ཁོ་མོས་ཁྲིད་མྱོང་བའི་སློབ་མའི་ཁྲོད་དུ་ཝུན་ཅཱ་པའོ་ཡི་དབུ་བཞུགས་ལོ་ཙཱ་བ་ཀྲང་ལུའུ་དང“ཚོགས་ཆེན་གཉིས”ཀྱི་སྐབས་སྐད་ངག་གིས་ཀུན་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་སྐྱེ་འབྲས་འཁྲབ་སྟོན་པ་ཀྲའོ་ཝེ་དང་འདྲ་བའི་ཀྲང་ཅིང་སོགས་ཚུད་ཡོད། ཁོ་ཚོ་ནི་སློབ་མའི་དུས་ཀྱི་ཕུལ་དུ་བྱུང་བ་ཤ་སྟག་ཡིན་ཞིང་ཁོ་ཅག་གི་དབྱིན་ཡིག་གི་ཁ་རྩལ་དང་ལོ་ཙཱའི་ནུས་པ་ཕུད་གཤིས་ཀ་ཞི་དུལ་ཅན་དང་ཤེས་ཡོན་གྱི་ཕྱོགས་བསྡུས་ནུས་པ་ཧང་སངས་དགོས་པའི་ཚད་དུ་སོན་ཡོད་ཟེར།
ཁོ་མོའི་ངོ་སྤྲོད་ལྟར་ན། ཕྱི་འབྲེལ་པུའུ་ཡིས་ལོ་ཙཱ་བ་འདེམས་སྒྲུག་བྱེད་སྐབས་གནད་འགག་ཆེན་པོ་གསུམ་ལ་བལྟ་བ་སྟེ། གཅིག་ནི་གཏིང་ཚུགས་པའི་སྐད་བརྡའི་རྨང་གཞི་དང་རྩེར་སོན་པའི་སྐད་ཆའི་ནུས་པ། གཉིས་ནི་ཕྱི་འབྲེལ་ཐབས་ལམ་དང་ཕྱི་འབྲེལ་ལས་དོན་ལ་རྒྱུས་མངའ་ཟབ་ཅིང་ལག་ཏུ་འབྱོར་བ། གསུམ་ནི་ཕྱོགས་བསྡུས་ཀྱི་ནུས་པ་འཛོམས་ལ་སེམས་རྒྱུད་ལྷོད་ཅིང་ཞི་དུལ་བ་བཅས་རེད་ཟེར།(རྩོམ་འགན་པ། རྟ་མགྲིན)