སྤྱི་ཟླ་༡ཚེས་༥ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཁྲུང་ཆིང་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། འབྲེལ་ཡོད་ཞིང་གྲོང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཡང་ཡིན། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་སྐྱོད་དེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྲོད་ནས་སྣོད་བཅུད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཐོབ་པ་བྱས་ཏེ། མ་ཡུམ་གཙང་པོའི་སྐྱེ་སྟོབས་གསོན་ཤུགས་ནམ་ཡང་གནས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲི་ཆུ་དང་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་དར་ས་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་ཡིན། ཀྲུང་ཧྭའི་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས་ལ་ལྟ་སྐབས། མཛེས་སྡུག་ལྡན་པའི་སི་ཁྲོན་གྱི་རི་ཀླུང་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཕ་ཡུལ་བར་སྟེ། འབྲི་ཆུ་རྒྱུག་ཁུལ་བཅས་ནས་སྐྱེས་བུ་དམ་པ་གྲངས་མེད་ཐོན་ཡོད། ལོ་ངོ་སྟོང་ཕྲག་རིང་འབྲི་ཆུ་རྒྱུག་ཁུལ་དེ་ཆུས་སྦྲེལ་ཐག་ཏུ་བྱས་པ་དང་སྟོད་རྒྱུད་སྨད་རྒྱུད་དང་། ངོགས་གཉིས། ཆུ་བོ་ཨ་མ་དང་ཡན་ལག་ཆུ་ཕྲན་བཅས་མཉམ་དུ་བསྡུས་་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མ་ལག་ཆེན་པོ་ཞིག་གྲུབ་པ་དེ་ད་བར་སྔར་བཞིན་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་སྦྲེལ་བའི་སྦྲེལ་ཐག་གལ་ཆེན་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། འབྲི་ཆུ་རྒྱུག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ཐོག་ཕྱོགས་བསྡུས་སྟོབས་ཤུགས་ཀྱང་ཆེ་རུ་ཕྱིན་པས་དེ་ནི་རང་རྒྱལ་དཔལ་འབྱོར་གྱི་ལྟེ་གནས་དང་གསོན་ཤུགས་གནས་ས་དེ་ཡིན། འབྲི་ཆུ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གནས་བབ་དང་ནུས་པའི་ཐོག་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ངེས་གནས་མཐའ་འཁྱོངས་བྱེད་དགོས་པ་གསལ་བཤད་བྱས་ཡོད་པས། དེ་ནི་རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་ཡིན།
ཞིས་ཅིན་ཕིང་གིས་བསྟན་དོན། འབྲི་ཆུར་ཐུན་མིན་གྱི་སྣོད་བཅུད་མ་ལག་ལྡན་པས། དེ་ནི་རང་རྒྱལ་གྱི་སྣོད་བཅུད་ནོར་མཛོད་གལ་ཆེན་ཡིན། མིག་སྔ་དང་སླད་ཕྱིན་དུས་་ཡུན་རིང་པོའི་ནང་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་གནས་བབ་ཐོག་བཞག་ནས་མཉམ་དུ་སྲུང་སྐྱོང་ཆེ་མོར་དམ་འཛིན་བྱེད་པ་ལས། གསར་སྤེལ་ཆེན་པོ་བྱེད་མི་རུང་བ་དང་། སྣོད་བཅུད་སླར་གསོའི་འདུ་འགོད་ཆེ་མོ་ལག་བསྟར་བྱ་རྒྱུ་དེ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་རྣམ་གྲངས་ལ་སྐུལ་འདེད་གཏོང་བར་སྔོན་ལ་འཕེལ་རྒྱས་གཏོང་བའི་ལས་དོན་ལ་བརྩིས་ནས་འབྲི་ཆུའི་ནགས་སྲུང་མ་ལག་བསྐྲུན་རྒྱུ་དང་། ས་ཆུ་ཤོར་ཡུལ་དང་བྲག་ཞུན་ཁུལ་བྱེ་རྡོ་ཅན་དུ་འགྱུར་རྒྱུ་བཅོས་སྒྲིག རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ། ས་ཆུ་སྲུང་འཛིན། གཙང་པོ་དང་མཚེའུ་དང་འདམ་རའི་སྣོད་བཅུད་སྲུང་སྐྱོང་སླར་གསོ་སོགས་ཀྱི་འདུ་འགོད་ལག་བསྟར་ཡག་པོ་བྱས་ནས། ཆུ་ཁུངས་དང་ས་ཆུ་སྲུང་འཛིན་སོགས་ཀྱི་སྣོད་བཅུད་ནུས་པ་ཆེ་རུ་གཏོང་དགོས་པ། སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲི་ཆུའི་སྣོད་བཅུད་སྲུང་སྐྱོང་དམ་འཛིན་བྱེད་དགོས་པ། སྣོད་བཅུད་ཁོར་ཡུག་ཤོང་ཚད་ལ་དམ་འཛིན་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲི་ཆུའི་ཆུ་ལམ་ལ་བརྟེན་པ་དང་ངོགས་དང་ཆུ་ངོས་སྤྱི་འདོམས་བྱས་ཏེ་འབྲུབ་འགོག་དང་། མཁའ་ལམ་ཤར་གཏོང་། གློག་གཏོང་བཅས་ཀྱི་འགལ་ཟླ་ཡང་དག་ངང་སེལ་དགོས་པ་མ་ཟད། རང་རྟོགས་ངང་ལྗང་མདོག་འཁོར་རྒྱུག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐོན་ལས་གྲུབ་ཆ་དང་། དཔལ་འབྱོར་འཕར་སྟངས། འཛད་སྤྱོད་བྱེད་སྟངས་བཅས་ཆགས་པ་བྱས་ཏེ་གསེར་གྱི་ཆུ་ལམ་ནས་གསེར་གྱི་ཕན་འབྲས་དངོས་འབྲེལ་ཐོན་པ་བྱེད་དགོས།
ཞིས་ཅིན་ཕིང་གིས་རྒྱུག་ཁུལ་དཔལ་འབྱོར་ཡིན་པའི་འབྲི་ཆུའི་དཔལ་འབྱོར་ཁུལ་དེ་ཆུ་དང་། ལམ། གྲུ་ཁ། ངོགས། ཐོན་ལས། སྐྱེ་དངོས། འདམ་ར། ཁོར་ཡུག་སོགས་ཕྱོགས་ཚང་མ་དང་འབྲེལ་བ་ཡོད་པས། དེ་ནི་ཁྱོན་ཡོངས་ཤིག་ཡིན་པར་བརྟེན། ངེས་པར་དུ་ཕྱོགས་ཡོངས་ནས་སྟངས་འཛིན་དང་སྤྱི་འདོམས་ཇུས་འགོད་བྱེད་དགོས། བསམ་བློ་ཞིབ་ཕྲ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཁག་གི་སྒྱུར་བཅོས་འཕེལ་རྒྱས་དང་། ཁུལ་ཁག་དབར་གྱི་སྲིད་ཇུས། ཁྱབ་ཁོངས་ཁག་གི་འཛུགས་སྐྲུན། ཐོན་ཁུངས་ཁག་གི་གཞི་རྒྱུ་བཅས་སྤྱི་འདོམས་བྱས་ཏེ་འབྲི་ཆུའི་རྒྱུད་ཀྱི་ཞིང་གྲོང་ཁག་གི་མཉམ་ལས་ནུས་པ་དེ་བས་མངོན་པ་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་དུ་སྟོད་རྒྱུད་དང་། དབུས་རྒྱུད། སྨད་རྒྱུད་བཅས་མཉམ་དུ་འཕེལ་རྒྱས་དང་དབུས་ཤར་ནུབ་བཅས་ཕན་ཚུན་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འབྲི་ཆུའི་དཔལ་འབྱོར་ཁུལ་དེ་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་། གསར་གཏོད་མཉམ་འགུལ་ཁུལ། མཐུན་སྦྱོར་འཕེལ་རྒྱས་ཁུལ་བཅས་སུ་འགྱུར་བ་བྱེད་དགོས། སྔར་ཡོད་ཆུ་རྒྱུད་བེད་སྤྱོད་ཕན་འབྲས་བཟང་སྒྲིག་བྱས་ཏེ་ཆུའི་བདེ་འཇགས་དང་། འབྲུབ་འགོག སྦགས་བཙོག་བཅོས་སྒྲིག གྲུ་ཁ། འགྲིམ་འགྲུལ། མཛེས་ལྗོངས་བཅས་གཞི་གཅིག་ཏུ་འདུས་ནས་ཆུ་རྒྱུད་ཀྱི་བཟོ་ལས་དང་གྲུ་ཁ་གོ་རིམ་མེད་པར་འཕེལ་རྒྱས་འགྲོ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གྲོང་ཁྱེར་གྱི་ཁྱབ་ཚུལ་བཟང་སྒྲིག་བྱས་ཏེ་ཆེ་འབྲིང་ཆུང་གསུམ་ཟུང་འབྲེལ་དང་ཤར་དབུས་ནུབ་མཉམ་འགུལ་མཐའ་འཁྱོངས་བྱས་ནས་འབྲི་ཆུའི་ཟུར་གསུམ་གླིང་དང་། འབྲི་ཆུའི་དབུས་རྒྱུད། ཁྲེང་ཏུའུ་དང་ཁྲུང་ཆིང་བཅས་གྲོང་ཁྱེར་ཆེ་གྲས་གསུམ་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།