ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་རྫ་ཆུ་ནས་མའེ་ཀོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣར་དགའ་བསུ་ཞུས་གནང་བ།

2016-03-24
        སྤྱི་ཚེས་༢༢ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་རྫ་ཆུ་ནས་མའེ་ཀོང་ཆུ་བོའི་མཉམ་ལས་ཀྱི་སྐབས་དང་པོའི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ནང་ཞུགས་མཁན་གྱི་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན། ལོ་སིའི་ཙུང་ལི་ཐུང་ཞིང་། འབར་མའི་ཙུང་ཐུང་གཞོན་པ་སའེ་སྨའོ་ཁང་། ཝེ་ཐེ་ནམ་གྱི་ཙུང་ལི་གཞོན་པ་ཧྥན་ཕིང་མིང་བཅས་ལ་དགའ་བསུ་ཞུས་གནང་བ་དང་། ལི་ཁེ་ཆང་གིས་ཁོ་ཚོ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་། མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད། དེ་རྗེས་ཀྱི་ཤེས་ཚིག་ནང་། ལི་ཁེ་ཆང་གིས། ལོ་གཅིག་ལྷག་རིང་། རྫ་ཆུ་དང་མའེ་ཀུང་ཆུ་བོ་རྒྱུད་ཀྱི་མཉམ་ལས་སྒྲིག་གཞི་དེ་གྲོས་འགོ་བཏོན་པ་ནས་རིམ་བཞིན་དོན་དངོས་སུ་འགྱུར་བ་དང་། མཉམ་ལས་ཀྱི་གོ་དོན་ཡིག་ཆར་གྲོས་འཆམ་བྱུང་ནས། ཆབ་སྲིད་ཀྱི་བདེ་འཇགས་དང་། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ། སྤྱི་ཚོགས་མི་ཆོས་རིག་གནས་བཅས་འདེགས་སྐྱོར་ཆེན་པོ་གསུམ་གཏན་འཁེལ་བྱས་པ། དེ་བཞིན་མཉམ་འབྲེལ་མཉམ་མཐུད་དང་། ཐོན་ནུས། རྒྱལ་ཁོངས་ལས་གྲོལ་བའི་དཔལ་འབྱོར་དང་། ཆུའི་ཐོན་ཁུངས། ཞིང་ལས་དང་དབུལ་པོ་ཉུང་གཏོང་བཅས་ཁག་ལྔའི་སྔོན་འགྲོའི་མཉམ་ལས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་པ། ཞིབ་འཇུག་བྱས་ནས་སྔོན་དུས་ཀྱི་ཕན་འབྲས་རྣམ་གྲངས་བརྒྱ་ལྷག་བཏོན་ཡོད། དེ་དག་གི་ཐོག་ནས། རྫ་ཆུ་དང་མའེ་ཀུང་ཆུ་བོའི་འགྲམ་རྒྱུད་ཀྱི་རྒྱལ་ཁབ་དྲུག་པོས་ད་ཡོད་ཀྱི་རྨང་གཞིའི་སྟེང་། ཕན་ཚུན་བར་སྔར་བས་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤེལ་རེས་གཏིང་ཟབ་བྱེད་པ། གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ནི་དུས་རབས་ཀྱི་གོམ་འགྲོས་དང་མཐུན་ལ། དམངས་སེམས་དང་མཐུན་པ་ཞིག་ཡིན་པས། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱིས་ཁེངས་ཡོད་ཅེས་བསྟན་གནང་ཡོད།
        ལི་ཁེ་ཆང་གིས། རྫ་ཆུ་དང་མའེ་ཀུང་ཆུ་བོའི་འགྲམ་རྒྱུད་ཀྱི་རྒྱལ་ཁབ་དྲུག་བར་སྒྲིག་གཞིའི་རང་བཞིན་གྱི་མཉམ་ལས་སྤེལ་བ་དེས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་ཕན་ཐོགས་ཡོད་པ་དང་། ས་བབ་ཐད་ཐག་ཉེ་བ་དང་། མི་ཆོས་རིང་ལུགས་ཀྱི་བཟང་ཆ་འདོན་སྤེལ་དེ་བས་ལེགས་པ་བྱ་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་ཁག་གི་ཐོན་ཁུངས་དང་། ཐོན་ལས། ཁྲོམ་རྭ་བཅས་ཕན་ཚུན་གསབ་རེས་བྱ་རྒྱུར་ཕན་ཐོགས་ཆེན་པོ་ལྡན་ཡོད་པས། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་ནུས་པ་དེ་བས་ཆེ་བ་དང་དེ་བས་རྒྱ་ཆེ་བའི་གར་སྟེགས་ཤིག་མཁོ་འདོན་བྱ་ཐུབ་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ཁ་གསབ་ལ་ཕན་ཐོགས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྫ་ཆུ་དང་མའེ་ཀུང་ཆུ་བོའི་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་མཉམ་དུ། གཙང་ཆུ་གཅིག་གི་ཆུ་མཉམ་འཐུང་དང་། ལས་དབང་གཅིག་ཏུ་འགྲིལ་བའི་བརྗོད་དོན་གཙོ་བོ་གཞིར་བཟུང་། ཐུན་མོང་ཐོག་མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་དང་། ཐུན་མོང་ཐོག་མཉམ་ལས་ཀྱི་མདུན་ལྗོངས་བཀོད་སྒྲིག ཐུན་མོང་ཐོག་རྫ་ཆུ་དང་མའེ་ཀུང་ཆུ་བོའི་མཉམ་ལས་ཀྱི་རྒྱང་རིང་མདུན་ལྗོངས་ཕུགས་འདུན་གྱི་གོམ་པ་དང་པོ་དེ་སྤོ་དགོས་ཞེས་བསྟན་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག