ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁོར་བྱང་དྲ་བར་འཁྱུག་ལྟ། ཁ་པར་དྲ་བར་འཇུག་མི་ཐུབ་ལ་གློག་ཀླད་ཉོ་ན་ཆོག་མཆན་དགོས།

2014-12-29 ཟླ་བ།
[མདོ་དོན]  ཁོར་བྱང་ནས་གློག་ཀླད་ཡོད་མཁན་ཚང་མས་དྲ་རྒྱ་རིན་མེད་དུ་སྤྱོད་ཆོག་ཀྱང་། སྲིད་གཞུང་གི་ཆོག་མཆན་མེད་ན་གློག་ཀླད་ལག་ཏུ་ག་ལ་ཡོང་།  ཁོ་རེ་ཡ་བྱང་མ་འདི་བལྟས་ཚོད་ཀྱིས་གསང་བའི་རྒྱལ་ཁབ་ཅིག་རེད་འདུག་མོད། ཕྱི་དང་འབྲེལ་བ་ན་སྔར་ལྟར་ཡོད། འོན་ཀྱང་དེ་ཚོར་རང་གི་ཁྱད་ཆོས་ལྡན་པའི་དྲ་རྒྱ་ཡོད་པ་རེད། གཤམ་ལ་ང་ཚོThe Telegraph དང་འགྲོགས་ནས་ཁོར་བྱང་གི་དྲ་རྒྱའི་འཕེལ་རྒྱས་ག་འདྲ་ཡིན་མིན་བལྟ་ཡོང་།

༡། མི་མང་ཆེ་བར་གློག་ཀླད་མེད།
  ཁོར་བྱང་ལ་ནང་ཁུལ་དྲ་རྒྱ་སྟེ་སོ་སོས་ཀུང་ཟི་ནས་ལས་ཀ་བྱེད་དུས་ནང་ཁུལ་ནས་སྤྱོད་པ་ལྟ་བུ་ཞིག་ཡོད། ནང་ཁུལ་དྲ་རྒྱ་འདི ༢༠༠༠ ལོར་བཏང་ཞིང་འཚོལ་བཤེར་མ་ལག་དང་གློག་རྡུལ་ཡིག་ཟམ། གསར་འགྱུར། བཤེར་ཆས་སོགས་ཀྱང་དེར་འདུས་ཡོད།
  གློག་ཀླད་ཡོད་མཁན་གྱི་ཁོར་བྱང་བ་ཚང་མས་དྲ་རྒྱ་འདི་རིན་པ་མི་དགོས་པར་སྤྱོད་ཆོག་མོད། གནད་དོན་ནི། དེ་ལ་ཞུགས་ཐུབ་མཁན་ཤིན་ཏུ་ཉུང་སྟེ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་ན་གློག་ཀླད་ཉོ་མི་ཆོག་ལ། གློག་ཀླད་གཅིག་གི་གོང་ཚད་དང་ཁོ་ཚོའི་ཟླ་གསུམ་གྱི་ཟླ་ཕོགས་གཉིས་གཅིག་པ་ཡིན།
  ནང་ཁུལ་དྲ་རྒྱ་འདིར་ཧ་ལམ་དྲ་ཚིགས ༡༠༠༠ ནས ༥༥༠༠ ཡོད། མཚམས་རེར་ཁོ་ཚོ་ཕྱིའི་དྲ་བར་འཇུག་དགོས་པའི་གནས་ཚུལ་དང་ཡང་འཕྲད་པས། སྐབས་དེར་གཙོ་གཉེར་སྡེ་ཁག་གིས་ཕྱིའི་དྲ་ཚིགས་དེ་དག་ས་དེའི་ཞབས་ཞུ་ཆས་སུ་མར་འཕབ་ཅིང་། ཞིབ་བཤེར་བྱས་རྗེས་གཞི་ནས་མི་རྣམས་ལ་ལྟ་རུ་འཇུག་གི་ཡོད།

༢། འབྲེལ་དྲྭར་ལྟ་ཐུབ་མཁན་ཞེ་དྲགས་ཉུང་།
  ཁོར་བྱང་དུ། སྲིད་གཞུང་གི་གཙོ་འཛིན་ནམ་དེའི་གཉེན་ཉེ་འབྲེལ། ཕུལ་བྱུང་སློབ་ཆེན་གྱི་སློབ་མ། དྲ་རྒྱའི་འཐབ་འཁྲུག་སྡེ་ཚན་གྱི་ལས་ཀ་བ་མ་གཏོགས་འབྲེལ་དྲྭར་འཇུག་ཐུབ་ཀྱི་མེད་པ་དང་། མི་འདི་ཚོ་བསྡོམས་ནའང་ཕལ་ཆེར་སྟོང་ཕྲག་ཁ་ཤས་ལས་ཡོད་མི་སྲིད། འོན་ཀྱང་། ཁོར་བྱང་སྲིད་གཞུང་གིས་ཀྱང་རྒྱལ་ཁབ་གཞན་དག་ནང་བཞིན་མི་རྣམས་འབྲེལ་དྲྭར་ཞུགས་པར་ལྟ་རྟོག་བྱེད་པར་མ་ཟད་ཟིན་ཐོའང་འགོད་ཀྱི་ཡོད།

༣། ཁོར་བྱང་གཙོ་འཛིན་ནི“དྲ་རྒྱའི་པཎྚི་ཏ”ཡིན།
  ཁོར་བྱང་གཙོ་འཛིན་ཟུར་པ་ཀེམ་ཅོང་རི་ཡིས་དེ་སྔ་དབུ་ཁྲིད་ལྷན་ཚོགས་ཤིག་ཏུ་ཁོར་ལྷོའི་ཙུང་ཐུང་ལུ་ཝོ་ཞོན་ལ་ཁོ་པ་རང་ཉིད“དྲ་རྒྱའི་པཎྚི་ཏ”ཞིག་ཡིན་ཚུལ་ངོམ་སོ་བྱས་མྱོང་ཞིང་། ཁོས་ད་དུང་ཁོར་ལྷོ་འགྲམ་གྱི་དམིགས་བསལ“བཟོ་ལས་ཁུལ”ནས་འབྲེལ་དྲྭར་ཞུགས་ཆོག་མོད། འོན་ཀྱང་རང་རྒྱལ་གྱི་རྒྱལ་དམངས་ཚང་མ་འབྲེལ་དྲྭར་ཞུགས་བཅུག་ན“རྙོག་དྲ་མང་པོ་འབྱུང་གི་རེད”ཅེས་བརྗོད།
  ཁོར་བྱང་གི་ད་ཆའི་གཙོ་འཛིན་ཀེམ་ཅོང་ཨན་ཡང་གོ་ཐོས་སུ་དྲ་རྒྱར་མོས་མཁན་ཞིག་ཡིན་པའི་མི་ཚད་ཀུ་ཤུ་གློག་ཀླད་ཀྱི་རྗེས་འཇུག་པ་ཞིག་ཡིན་ཚོད་འདུག  ན་ནིང་ཁོའི་ལས་ཀ་བྱེད་ཚུལ་པར་ཞིག་འདུག་པར་མདུན་ཅོག་ཏུiMacགཅིག་ཀྱང་བཞག་འདུག  ཀུ་ཤུ་ཀུང་ཟིས་ཉོ་ཚོང་བཀག་སྡོམ་སྐོར་གྱི་སྲོལ་ཡིག་བརྩིས་ནས་ཁོར་བྱང་ལ་ཐོན་རྫས་འཚོང་གི་མེད་པས། iMacགློག་ཀླད་དེ་གང་ནས་བྱུང་མིན་དེ་མི་རྣམས་ཀྱི་གླེང་གཞི་སྐྱིད་པོ་ཞིག་ཏུ་གྱུར་བ་རེད།

༤། ཁོར་བྱང་གི་གློག་ཀླད་ཀུ་ཤུ་ཡིMacདང་འདྲ།
  ཀུ་ཤུ་ལ་ཁོར་བྱང་ནའང་དགའ་མཁན་མང་། ཡིན་ཡང་རྒྱལ་ཁབ་རང་གིས་གསར་སྤེལ་བྱས་པའི་རྒྱུད་ཁོངས་མ་ལག་ཡོད་ཅིང་། མིང་ལRed Star OS བཏགས་ཡོད། གློག་ཀླད་ཚང་མས་འདི་མི་སྤྱོད་ཐུ་མེད་ཡིན།
  Red Star ནི་རྒྱལ་ཁབ་འདིའི་ལག་རྩལ་ཞིབ་འཇུག་ལྟེ་གནས“ཁོར་བྱང་གློག་ཀླད་ལྟེ་གནས”ཀྱིས་བསྒྲིགས་པ་རེད། ལྟེ་གནས་འདིར་ལས་བཟོ་བ ༡༠༠༠ ལྷག་ཡོད་ཅིང་། འཇར་མན་དང་སེ་རི་ཡ། ཀྲུང་གོ ཨ་རབ་མནའ་འབྲེལ་བཅས་ན་གཞུང་དོན་ཁང་བཙུགས་ཡོད། དེས་ཁོར་བྱང་གི་གཞུང་ཕྱོགས་དྲ་རྒྱའི་མཐུད་ཁ་དང Naenara དྲ་ཚིགས། རྒྱལ་ཁབ་འདིས་ཆོག་མཆན་ཐོབ་ཡོད་པའི་འཚོལ་བཤེར་མ་ལག་བཅས་ལ་དོ་དམ་བྱེད།

༥། དྲ་རྒྱར་རྒྱུ་ལམ་གཅིག་མ་གཏོགས་མེད།
  དབྱིན་ཇི་ལ་མཚོན་ན་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་སྦྲེལ་བྱེད་ཀྱི་མྱུར་བགྲོད་གློག་ཐག་བཅུ་ཕྲག་ཁ་ཤས་ཡོད་ཅིང་། དེ་ལས་གློག་ཐག་གཅིག་ལ་སྐྱོན་བྱུང་ནའང་། ད་དུང་གཞན་དག་བརྒྱུད་ནས་འབྲེལ་དྲྭའི་ལས་ཀ་ཞབས་ཞུ་འཆར་ཅན་དུ་བྱེད་བཅུག་གི་ཡོད། འོན་ཀྱང་ཁོར་བྱང་ལ་གློག་ཐག་གཅིག་ལས་མེད། ཇུས་འགོད་འདི་འདྲར་སྐྱོན་ནི་ཡོད་དང་ཡོད་མོད། ཁོར་བྱང་གིས་རྐང་བཙུགས་ནས་དེ་ལྟར་བྱས་པ་རེད། དྲ་རྒྱའི་རྒྱུ་ལམ་གཅིག་མ་གཏོགས་མེད་ན་དོ་དམ་བྱེད་སླ་མོ་ཡོད།
  ཁོར་བྱང་གི་འབྲེལ་དྲྭའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གཅིག་པུ་ནི་རྒྱལ་གཉེར་ཀུང་ཟིStar Joint Venture Co.ཟེར་བ་ཡིན། དེས་བཀོལ་བའི་འོད་རྒྱུས་གློག་ཐག་ཅིག་ཁོར་བྱང་རྒྱལ་ས་ཕེང་རེང་ནས་ཀྲུང་གོའི་ཏན་ཏུང་དུ་འཐེན་ཡོད། ཁོར་བྱང་གི་སྲུང་སྐར་གཅིག་འཇར་མན་དང་སྦྲེལ་ཡོད་ཅིང་མཚམས་རེར་དེ་སྤྱད་ནས་འབྲེལ་དྲྭར་གཞོགས་འདེགས་བྱ་རུ་འཇུག

༦། Wi-Fi ལ་དགའ་བསུ་མེད།
  ཉེ་ཆར་ཁོར་བྱང་ནས་གནས་ཚུལ་འབྱོར་གསལ་ལ། རྒྱལ་ཁབ་འདིའི་ནང་གི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དུ Wi-Fi སྤྱོད་མི་ཆོག་པ་བཟོས། དེའི་རྒྱུ་མཚན་ཡང Wi-Fi ཁ་ཅག་གིས་ལན་རེར་ཞིབ་བཤེར་མ་བརྒྱུད་པའི་འབྲེལ་དྲྭའི་བརྡ་རྟགས་ཉེ་འཁོར་གྱི་ཐོག་ཁང་ལ་སྤྲད་འགྲོ་གི་ཡོད་པས་རེད།
  ཏག་ཏག་རྒྱུ་མཚན་དེའི་དབང་གིས། གཞུང་ཚབ་ཁང་གི་ཉེ་འཁོར་གྱི་ཐོག་ཁང་དུ་སྡོད་པར་དགའ་པོ་བྱེད་མཁན་ཇེ་མང་དུ་གྱུར།
  ཁོར་བྱང་གིས་གཞུང་ཚབ་ཁང་ལ་བཏང་བའི་འཕྲིན་ཡིག་ཏུ “འདིར། ངེད་ནས་སྐུ་ཉིད་ལ་ཟོལ་མེད་ངང་བརྡ་གཏོང་རྒྱུར། ཁྱེད་གཞུང་ཚབ་ཁང་གི་སྐུད་མེད་དྲ་རྒྱར་སྤྱོད་རྒྱ་བསྡམ་རྒྱུ་ཡིན་པས། གལ་སྲིད་སྐུ་ཉིད་ཀྱིས་ངེད་ཅག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དམིགས་པའི་བྱེད་ཐབས་འདིར་མཐུན་འགྱུར་གནང་ཚེ། ངེད་ཅག་གིས་ཤིན་ཏུ་ཐུགས་རྗེ་ཆེ་ཞུ་བ་ལགས”

༧། ཁོ་ཚོར་རང་རྒྱལ་ཁོངས་མིང་མཐོ་ཤོས་ཡོད།
  དབྱིན་ཇིའི་རྒྱལ་ཁབ་ལ་ཁོངས་མིང.co.ukཡོད་པ་ནང་བཞིན། ཁོར་བྱང་ལའང་རང་གི་ཁོངས་མིང་མཐོ་ཤོས.kpཟེར་བ་ཡོད། ཁོངས་མིང་འདི ༢༠༠༧ ལོའི་ཟླ ༩ པའི་ཚེས ༢༤ ཉིན་ཐོབ་ཅིང་། Star Joint Venture ཀུང་ཟི་ཡིས་རེ་ཞུ་ཐོ་འགོད་བྱས་པ་རེད།

༨། མི་རྣམས་ཁ་པར་ལས་དྲ་བར་འཇུག་མི་ཐུབ།
  ཁོར་བྱང་ལ་ཅུང་བརྟན་འཇགས་ཡིན་ཞིང་ཅུང་ཆུང་བའི་ཁ་པར་དྲ་རྒྱ་ཡོད། ད་ལྟ་རྒྱལ་ཁབ་འདིར་ཁ་པར་ཁྲི ༡༧༠ སྤྱོད་ཀྱི་ཡོད། རྒྱལ་ཁབ་འདིར་འཛུལ་བའི་ནུབ་གླིང་བསG༣ སྤྱད་ནས་དྲ་བར་ཞུགས་ཐུབ་མོད། རྒྱལ་ཁབ་འདིའི་མི་ཚོས་དེ་ལྟར་ཆོག་གི་མེད།  ཤེས་གསལ་ལྟར་ན། ཀྲུང་གོའི་དང་འདབས་འབྲེལ་བའི་ཁོར་བྱང་གི་སྡོད་དམངས་ཚོས་མཚམས་རེར་ཀྲུང་གོའི་ཁ་པར་ལས་དྲ་བར་འཇུག་གི་ཡོད་འདུག

༩། ཁོར་བྱང་ལIP ས་གནས་ཤིན་ཏུ་ཉུང་།
  ཁོར་བྱང་རྒྱལ་ཁབ་ཧྲིལ་པོརIP ས་གནས ༡༠༢༤ ལས་མེད་མོད། རྒྱལ་ཁབ་གཞན་དག་སྟེ་དཔེར་ན་དབྱིན་ཇི་ལྟ་བུ་ཞིག་ལ IP ས་གནས་དུང་ཕྱུར ༡.༢༣ ཡོད་ཅིང་། འབྲེལ་དྲྭར་ཞུགས་པའི་གློག་ཀླད་ཚང་མར་རང་གི IP ས་གནས་ཤིག་མེད་ཐབས་མེད། ཡིན་ནའང་། འཛམ་གླིང་ཁྱོན་ནས་བཤད་ན IP ས་གནས་ཀྱི་ཐོན་ཁུངས་ལ་ཚད་ཡོད་པ་རེད།
  ཁོར་བྱང་ལ IP ས་གནས་ཉུང་དོན་གཅིག་ནི་དེ་ལ་དགོས་མཁོ་ཤིན་ཏུ་ཆུང་བས་ཡིན། འབྲེལ་དྲྭའི་ཨང་བགོ་སྒྲིག་འཛུགས(IANA)ཀྱིས་མི་རྣམས་ཀྱི་དགོས་མཁོ་ལྟར IP བགོ་བཤའ་རྒྱག་གི་ཡོད། དཔེར་ན་ཁོར་བྱང་གློ་བུར་དུ་དམངས་གཙོ་ཡིན་པ། དྲ་འཇུག་ལ་དགའ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཚེ། དེ་ལ IP ས་གནས་དེ་ལས་མང་བ་བགོ་གི་རེད།
  ཁོར་བྱང་དང་འདྲ་བའང་ཡོད་དེ། ཧྥེ་གླིང་གི་ཁོང་ཀོ་རྒྱལ་ཁབ་ཏུIP ས་གནས ༢༡༢༤༨ ལས་མེད་ཅིང་མི་གྲངས་ཁྲི ༧༤༠༠ ཡོད་པས། ཆ་སྙོམས་མི ༡༠༠༠ རེར IP ས་གནས ༠.༢༩ ལས་མེད། ཨེ་སེ་ཨོ་ཞི་ཡ་རུ་མི་ཁྲི ༩༤༠༠ ཡོད་མོད། IP ས་གནས ༣༢༧༦༨ ལས་མེད་དོ། །

༡༠། ཁོར་བྱང་ལ་རང་གི་འབྲེལ་དྲྭའི་ཁེ་ལས་ཀུང་ཟི་ཡོད།
  ༢༠༠༢ ལོར། ཁོར་བྱང་སྲིད་གཞུང་གིས་ཁོར་ལྷོའི་ཀུང་ཟི་ཞིག་དང་མཉམ་འབྲེལ་གྱིས་དྲ་ལམ་རྒྱན་ཤོག་དྲ་ཚིགས་ཤིག་བཙུགས་མོད། ཕྱིས་སུ་དྲ་ཚིགས་དེའི་སྒོ་བརྒྱབ། ༢༠༠༧ ལོར་ཁོར་བྱང་སྲིད་གཞུང་གིས་ཡང་ཀྲུང་གོའི་ཀུང་ཟི་ཞིག་དང་མཉམ་འབྲེལ་གྱིས། མིང་ལChollima ཟེར་བའི་དྲ་ཐོག་ཚོང་ཁང་ཞིག་བཙུགས་ཏེ་རླངས་འཁོར་དང་བདེ་ཐང་བཟའ་བཅའ་སོགས་རྣམ་པ་སྣ་ཚོགས་འཚོང་གི་འདུག  འོན་ཀྱང་དྲ་ཚིགས་དེ་ལའང་བདེ་མོ་བཞག་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག