ཚེས ༢༨ ཉིན། ཧིན་རྡུ་ཉི་ཞི་ཡ་ནས་སིང་ཀ་ཕོར་འཕུར་མཁན་ཨེ་ཤ་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་ངོས་དང་འབྲེལ་ཐག་ཆད།
ཟླ ༡༢ ཚེས ༢༨ ཉིན་ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གློག་འཕྲིན་སྤེལ་བར། ཧྥ་རན་སིའི་གསར་འགྱུར་ཁང་གིས་ཚེས ༢༨ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཧིན་རྡུ་ཉི་ཞི་ཡ་ནས་སིང་ཀ་ཕོར་འཕུར་བའི་ཨེ་ཤ་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ས་ངོས་དང་འབྲེལ་ཐག་ཆད་ཡོད་པ་རེད།
ལུའུ་ཐའོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧིན་རྡུ་ཉི་ཞི་ཡའི་སྨྱན་སྦྱོར་གྱིས་འགྲིམ་འགྲུལ་པུའི་དཔོན་རིགས་ཀྱི་བཤད་ཚུལ་ལུང་དྲངས་ནས་བརྗོད་དོན། ཧིན་རྡུ་ཉི་ཞི་ཡའི་ས་ཧྲུའི་ནས་སིང་ཀ་ཕོར་འཕུར་མཁན་ཨེ་ཤ་ཡ་གླིང་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ QZ8501 རྟགས་ཅན་ཡ་ཅ་ཏ་སྟེགས་བུ་དང་འབྲེལ་ཐག་ཆད་པ་དང་འབྲེལ་ཐག་ཆད་པའི་དུས་ཚོད་ནི་པེ་ཅིང་གི་དུས་ཚོད་ཚེས ༢༨ ཉིན་གྱི་ཆུ་ཚོད ༧ དང་སྐར་མ ༡༧ ཐོག་ཡིན་པ་རེད། དུས་གཏན་གནམ་གྲུའི་རྗེས་སྙེག་དྲ་བའི་ཆ་འཕྲིན་འདྲི་རྩད་ལྟར་ན། གནམ་གྲུ་དེའི་བཟོ་དབྱིབས་ནི A༣༢༠ -༢༠༠ ཡིན་པ་དང་གནམ་གྲུའི་ཐོག་འགྲུལ་པ ༡༥༥ དང་གནམ་གྲུའི་ལས་བྱེད་མི་སྣ ༧ ཡོད་ཅིང་དེའི་ཁྲོད་དར་མ ༡༣༨ དང་བྱིས་པ ༡༦། དེ་བཞིན་ཕྲུ་གུ་དམར་འབྱར ༡ བཅས་ཡོད་པ་རེད།
ཧིན་རྡུ་ཉི་ཞི་ཡའི་སྨྱན་སྦྱོར་གྱིས་ཁ་སང་གནས་ཚུལ་སྤེལ་བ་ལྟར་ན། གནམ་གྲུ་ཞིག་ཧིན་རྡུ་ཉི་ཞི་ཡའི་ཧུའུ་ལི་དུང་གླིང་ཕྲན་གྱི་ཤར་ཕྱོགས་སུ་ཟགས་ཡོད་པ་དང་མིག་སྔར་གནམ་གྲུ་ཟགས་ཡུལ་གྱི་ཞིབ་ཕྲའི་ས་གནས་གཏན་ཁེལ་བྱས་མེད་ཅིང་སྙན་ཞུ་འདི་ནི་ས་གནས་དེ་གའི་མཚོ་ཐོག་ཚན་པའི་དཔོན་རིགས་ལ་འབྱོར་བ་ཞིག་ཡིན་པ་རེད། འོན་ཀྱང་འདི་ནི་འབྲེལ་ཐག་ཆད་པའི་དུས་གཏན་གནམ་གྲུ QZ8501 རྟགས་ཅན་ཡིན་པ་གཏན་ཁེལ་བྱས་མི་འདུག
སྨྱན་སྦྱོར་གྱིས་འབྲེལ་བ་ཆད་པའི་གནམ་གྲུ་དེས་སྔོན་ནས་རང་འགུལ་ངང་མཁའ་ལམ་བསྒྱུར་རྒྱུའི་རེ་བ་བཏོན་ཡོད་པ་རེད་ཅེས་བརྗོད།(རྩོམ་འགན་པ། སྒྲོལ་ཚེ)