ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རང་རྒྱལ་གྱིས་ལོ ༡༠ མན་གྱི་བྱིས་པ་ཡིས་འགྲེམ་བརྡའི་མགྲིན་ཚབ་བྱས་མི་ཆོག་པ་བཟོ་རྒྱུ་རེད།

2014-12-24 དཔལ་མགོན་སྐྱབས།
  ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ ༡༢ པའི་ཚེས ༢༢ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་ཐག་བཅད་པའི་འགྲེམ་བརྡའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ཞིབ་བཤེར་ཐེངས་གཉིས་པ་བྱས་པའི་ཡིག་ཆ་ཡིས། འགྲེམ་བརྡའི་སྐོར་ལ་སྒྲུབ་མི་ཆོག་པའི་ཚད་བཀག་ལྔ་བཏོན་ཡོད་འདུག
  འགྲེམ་བརྡའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དུ་གཏན་འབེབས་བྱས་པ་ལྟར་ན། སྨན་རྫས་དང་གནོད་མེད་ཟས་རིགས། སྨན་བཅོས་སྒྲིག་ཆས། སྨན་བཅོས་སྐོར་གྱི་འགྲེམ་བརྡའི་ནང་དུ་དེའི་ནུས་ཚད་དང་བདེ་འཇགས་རང་བཞིན་བཅས་ཐད་ནས་ཡིན་ཐག་ཆོད་པ་དང་འགན་ལེན་བྱེད་པ་སོགས་ཀྱི་སྐད་ཆ་བཤད་མི་ཆོག 
  སྤྱི་དམངས་ཀྱི་སྨྱན་སྦྱོར་དང་འགྲེམ་སྤེལ་ལ་བརྟེན་ནས་ཐ་མག་གི་འགྲེམ་བརྡ་སྤེལ་མི་ཆོག མང་ཚོགས་འདུས་ས་དང་སྨན་ཁང་། སློབ་གྲྭ་སོགས་ཀྱི་ས་ཁུལ། སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་བཅས་སུ་ཐ་མག་གི་འགྲེམ་བརྡ་སྤེལ་མི་ཆོག
  འབྲེལ་དྲའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་མཁན་གྱིས་འབྲེལ་དྲ་སྤྱད་ནས་འགྲེམ་བརྡ་སྤེལ་སྐབས། སྤྱོད་མཁན་གྱི་རྒྱུན་ལྡན་ངང་དྲ་རྒྱ་སྤྱོད་པར་ཤུགས་རྐྱེན་བཟོ་མི་ཆོག འགྲེམ་བརྡ་ཕྱིར་མངོན་རྗེས་ཐད་ཀར་དུ་ཁ་རྒྱག་ཐུབ་པར་འགན་ལེན་བྱེད་དགོས། 
  འཛད་སྤྱོད་མཁན་གྱི་ཚེ་སྲོག་བདེ་ཐང་སྐོར་དང་འབྲེལ་བའི་ཚོང་རྫས་དང་ཡང་ན་ཞབས་ཞུའི་འགྲེམ་བརྡ་ཡིས། འཛད་སྤྱོད་མཁན་ལ་གནོད་འཚེ་བཟོས་ཚེ། ཚོང་རྫས་དེ་ཚོང་གཉེར་མཁན་དང་འགྲེམ་བརྡ་སྤེལ་མཁན། འགྲེམ་བརྡའི་མགྲིན་ཚབ་པ། འགྲེམ་བརྡའི་འགན་ཁུར་མཁན་གཙོ་བོ་བཅས་ཀྱིས་མཉམ་དུ་འོས་འགན་ཁུར་དགོས་པ་བཅས་གཏན་འབེབས་བྱས་ཡོད།  
  བཟོ་བཅོས་འཆར་ཟིན་དུ་ད་དུང་། ལོ་བཅུ་མན་གྱིས་བྱིས་པ་ཡིས་འགྲེམ་བརྡའི་མགྲིན་ཚབ་པ་བྱས་མི་ཆོག་ཅེས་གཏན་ཁེལ་བྱས་ཡོད། དེ་བས་ད་ལྟ་སྙན་གྲགས་ཆེ་བའི་ལོ་ཆུང་བྱིས་པ་ཐེན་ཐེན་དང cindy སོགས་ཀྱིས་འགྲེམ་བརྡའི་མགྲིན་ཚབ་བྱས་མི་ཆོག་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག