ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སེང་རྡོར་སོཊ་མི་ལྔར ༢༠༡༤ ལོའི《མི་རིགས་ཀྱི་རྩོམ་རིག》ལོ་མཇུག་བྱ་དགའ་ཐོབ།

2014-12-31 ཟླ་བ།

  ཟླ ༡༢ པའི་ཚེས ༣༠ ཉིན། 《མི་རིགས་ཀྱི་རྩོམ་རིག》(བོད་ཡིག་པར་མ)ཡིས ༢༠༡༤ ལོའི་ལོ་མཇུག་བྱ་དགའ་ཕྱིར་བསྒྲགས་པ་དང་། སེང་རྡོར། དཔལ་རྩལ། མོག་ཆུང་ཕུར་ཁོ་སོགས་མི་ལྔར་བྱ་དགའ་ཐོབ་ཡོད་འདུག
  《མི་རིགས་ཀྱི་རྩོམ་རིག》གི་རྩོམ་སྒྲིག་པས་པོད་ཕྲན་དུ་གསལ་བཤད་གནང་བ་ལྟར་ན། ད་ལོའི་དེབ ༡༢ པོ་ལས་ལེགས་ཤོས ༡༥ བདམས་རྗེས། བོད་རྩོམ་ལ་མཁས་པ་རེ་གཉིས་ཀྱིས་དཔྱད་འདེམས་བྱས་ནས་བྱུང་བ་ཡིན་འདུག་ཅིང་།  ལོ་སྔོན་མ་དག་ཏུ་བྱ་དགའ་ཐོབ་མྱོང་མཁན་དག་དེའི་གྲས་སུ་བཞག་མེད་ཅེས་བརྗོད་འདུག
  《མི་རིགས་ཀྱི་རྩོམ་རིག》ནི ༢༠༠༩ ལོ་ནས་སྤེལ་མགོ་ཚུགས་པའི་ཟླ་ཟུང་དེབ་ཅིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་ལེགས་གྲས་ཁག་འགོད་སའི་བོད་ནང་གི་སྡིངས་ཆ་ཆེ་ཤོས་དེ་ཡིན་པར་ཀུན་གྱིས་ངོས་འཛིན་གྱི་འདུག
གཤམ་ནི《མི་རིགས་ཀྱི་རྩོམ་རིག》གི་ལོ་མཇུག་བྱ་དགའི་གསལ་བརྡ་ཆ་ཚང་ཡིན།
  ༄༅། །སྤྱི་ལོ༢༠༡༤ལོའི་ལོ་ལ་ཉིན་གཅིག་ལས་མ་ལྷག་པར་བགྲང་བྱ་གསར་པ་ཞིག་གི་སྒོ་ཐེམ་ལ་གོམ་པ་ཕྱེད་ཙམ་སྤོས་ཡོད་པའི་ཉིན་འདིར་བོད་ཡིག་གི་མི་རིགས་ཀྱི་རྩོམ་རིག་རྩོམ་སྒྲིག་ཁང་གིས་ད་ལོའི་ལོ་གཅིག་རིང་ལ་དུས་དེབ་འདི་གས་བླངས་པའི་འབྲས་བུ་ལ་ལོ་རྩིས་ལེན་པ་དང་རྩོམ་གྱི་ལྗགས་ཕྱེ་བསྩལ་བའི་རྩོམ་པ་པོ་དག་ལ་བཀའ་དྲིན་སྐུ་དྲིན་ཞུ་བའི་ཚུལ་དུ་ལོ་འདིའི་ནང་གི་དུས་དེབ་བཅུ་གཉིས་ཀྱི་སྟེང་དུ་སྤེལ་བའི་བརྩམས་ཆོས་དག་ལ་ཐོག་མར་ལེགས་ཤོས་བཅོ་ལྔར་ཉེ་བ་བདམས་ཤིང་དེ་ནས་བོད་ཀྱི་རྩོམ་ལ་མཁས་པ་རེ་གཉིས་གདན་དྲངས་ཏེ་བློ་གཟུ་བོའི་ངང་དུ་རྩོམ་གང་གི་ཡི་གེའི་ལེགས་ཉེས་དང་རྩལ་གྱི་མཐོ་དམན་དང་བསྒྱུར་རྩལ་གྱི་བཟང་ངན་བཅས་གཞི་རུ་བཞག་པའི་ཁར་ན་ནིང་དང་གཞེས་ནིང་བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་མི་གདམ་པའི་ཚད་གཞི་བཟོས་ཏེ་ཡང་ཡང་དཔྱད་པའི་མཐར་གསར་དུ་བརྩམས་པའི་རྩོམ་གཉིས་དང་འགྱུར་རྩོམ་གཉིས་དང་གཞན་ཀྲུང་གོའི་རྨི་ལམ་ཞེས་པའི་ལེ་ཚན་གྱི་རྩོམ་གཅིག་བཅས་བསྡོམས་རྩོམ་ལེགས་ཤོས་ལྔ་ལ་ད་ལོའི་ལོ་མཇུག་གི་བྱ་དགའ་ཐོབ་པ་གཤམ་གསལ་ལྟར་ཡིན་ཞིང་གདམ་བྱའི་མི་གྲངས་ཀྱི་ཆ་ནས་མ་གཏོགས་ད་ལོའི་དུས་དེབ་ཏུ་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་ལེགས་ཤོས་དག་སྤེལ་ཡོད་པར་བྱ་དགའ་འདི་ཐོབ་ཆོག་ཆོག་ཡིན་པས་བྱ་དགའ་མ་ཐོབ་པའི་རྩོམ་པ་པོ་དག་ལའང་ལོ་འདི་འགར་མི་རིགས་ཀྱི་རྩོམ་རིག་ལ་གཟིགས་སྐྱོང་དང་ཐུགས་ཁུར་གནང་བར་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས་སོ།།

བྱ་དགའ་ཐོབ་པའི་རྩོམ་པ་པོའི་མཚན་དང་བརྩམས་ཆོས་དག
གསར་དུ་བརྩམས་པ།
སེང་རྡོར།   བར་སྐབས་ཤིག་གི་ཉིན་མཚན།༼སྙན་ངག༽  2014.4
དཔལ་རྩལ།  ཆར་ཞོད།༼བརྩམས་སྒྲུང༽ 2014.6

འགྱུར་རྩོམ།
མོག་ཆུང་ཕུར་ཁོ།   ཏ་ཧྲན་རྗེས་སུ་དྲན་པ།༼ལྷུག་རྩོམ༽  2014.5
སྤེན་པ་དོན་གྲུབ།  ཕོ་ལོ་བདུན་ཅུར་ཕྱོགས་སུ་ཐོན།༼བརྩམས་སྒྲུང༽ 2014.1

ཀྲུང་གོའི་རྨི་ལམ་ལེ་ཚན་གྱི་རྩོམ།
པདྨ་རིག་འཛིན།  རེ་འདུན་ཆུ་མིག་དགུ་སྒྲིལ།༼ལྷུག་རྩོམ༽ 2014.3

མི་རིགས་ཀྱི་རྩོམ་རིག་རྩོམ་སྒྲིག་ཁང་ནས།
༢༠༡༤ལོའི་སྤྱི་ཟླ༡༢པའི་ཚེས༣༠ཉིན།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག