ན་ནིང་ལོའི་ལོ་མཇུག་དང་འདི་ལོའི་ལོ་འགོར། མི་དོན་བརྗེ་གསོར་ཐེངས་མང་གནང་འདུག ཉེ་ལམ། ཀྲུང་དབྱང་གིས་མཐོ་རིམ་དཔོན་པོ་གཙོ་བོ་ཁག་ཅིག་བརྗེ་གསོར་བྱས་པ་དེས་མི་སྤྱོད་ཀྱི་བརྡ་རྟགས་གསར་པ་ཁ་ཤས་སྟོན་བཞིན་པར་སྣང་ངོ་། །
གསར་རྙིང་བརྗེ་གསོར་རྒྱུན་འབྱམས་སུ་གྱུར་པ།
རེབ་འདིའི་བརྗེ་གསོར་ཁྲོད་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་རྒྱུས་ལས་པུའུ་ཀྲུང་ཟུར་པ་ལའོ་ཧྲུའུ་ཀང་གིས་ཚའེ་ལྦུའུ་ཡི་ཚབ་ཏུ་རིག་གནས་པུའུ་ཀྲང་གི་འགན་བཞེས་པ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཟུར་པ་ཚའེ་མིང་ཀྲའོ་ཡིས་ལི་ཚུང་ཅོན་གྱི་ཚབ་ཏུ་ཤིན་ཧྭ་གསར་འགྱུར་ཁང་གི་འགོ་གཙོའི་འགན་བཞེས་པ། ཆན་ཞའོ་ཆན་གྱིས་ལི་པེང་གི་ཚབ་ཏུ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས་འདུག ཡིག་ཚགས་ལྟར་ན། ཚའེ་ལྦུ་ནི(༡༩༤༩ལོའི་ཟླ༡༠པར་སྐྱེས་པ)དང་། ལི་ཚུང་ཅོན(༡༩༤༩ལོའི་ཟླ༡༠པར་སྐྱེས་པ)ལི་པེང(༡༩༤༩ལོའི་ཟླ༡༡ལོར་སྐྱེས་པས)ཁོང་ཚོ་ཚང་མ་ལོ་རྒན༦༥ལ་སོན་ཡོད་པ་རེད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པའི་རྒྱབ་ལྗོངས་ཆེན་པོའི་འོག དུས་ཐོག་ཏུ་དཔོན་པོ་དག་གསར་རྙིང་བརྗེ་གསོར་བྱས་པ་ནི་ཁྲིམས་ལྟར་སྒྲིག་ལྟར་དུ་ལས་དོན་སྒྲུབ་པའི་བྱེ་བྲག་གི་མངོན་སྟངས་ཤིག་རེད། དེ་ཡང་འབྲེལ་ཡོད་ལས་ཚབ་ཏུ་འགན་བཞེས་མཁན་སྟེ། ཧང་ཁོན་མིང་གིས་ལའོ་ཧྲུའུ་ཀང་གི་ཚབ་ཏུ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གི་འགན་བཞེས་པ། ཅང་ཅན་ཀའོ་ཡིས་ཚའེ་མིང་ཀྲའོ་ཡི་ཚབ་ཏུ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཟུར་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། དེ་ཚོ་ནི་དྲིལ་སྒྲོག་ལས་རྐང་གི་ལས་མི་ཉམས་མྱོང་ཅན་ཏག་ཏག་རེད། དེ་དག་ལས་རྐང་དུ་བརྗེ་རེས་བསྐོ་བཞག་གནང་པ་དེས་ལས་དོན་རྒྱུན་མཐུད་པར་དགེ་མཚན་ཆེན་པོ་ལྡན།
ལས་དོན་ནན་ཏན་གྱིས་སྒྲུབ་མཁན་ལས་བྱེད་པར་ཁས་ལེན་ཐོབ་པ།
ཐེངས་འདིའི་མི་དོན་བརྗེ་གསོར་ཁྲོད། ཀྲུང་དབྱང་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་རྒྱུས་ལས་བྱ་བཞག་ལ་འགོ་འཛིན་མཛད་མཁན་ཀྲུའུ་རེན་ཟུར་པ་མུའུ་ཧུང་པུའུ་རིམ་པ་དང་པོར་གཏན་འཁེལ་བྱས་འདུག་པ་དང་། ལྦང་ཧུའུ་ཉིང་གིས་ཀྲུང་དབྱང་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་ཞོར་འགན་བཞེས་ཡོད་པ་རེད། མུའུ་ཧུང་རེབ་འདིར་པུའུ་རིམ་པ་དང་པོར་གཏན་འཁེལ་གནང་པ་དེས་ལས་སྒོའི་ཆུ་ཚད་དང་། རྩ་འཛུགས་མཐུན་སྦྱོར་ནུས་པར་གདེངས་འཇོག་ཐོབ་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཞོར་འགན་བཞེས་པའི་ལས་ཁུངས་ཀྱི་རྒྱུན་ལས་གོ་གནས་ཟུར་པར་བཀོད་སྒྲིག་བྱེད་པའི་རྒྱུན་སྲོལ་རྒྱུན་འཁྱོངས་གནང་པ་རེད། གཞན་ཡང་། རེབ་འདིའི་བརྗེ་གསོར་ཁྲོད། ཀྲུང་དབྱང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཟུར་པ། དེ་སྔའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཁྲེང་ཧྲི་ཅུས་ཀྱང་པུའུ་རིམ་པ་དང་པོར་གཏན་འཁེལ་བྱས་འདུག གཞུང་ཕྱོགས་ཀྱིས་ཐུན་མོང་གི་འདུ་ཤེས་ཤུགས་དྲག་པ། སྲིད་ཇུས་གཞུང་ལུགས་ཆུ་ཚད་ཅུང་མཐོ་བ། གནད་དོན་ལ་བསམ་གཞིགས་བཏང་པ་འཐུས་ཚང་ཡིན་པ། དོན་དག་ཐག་གཅོད་ནན་ཏན་ཞིབ་ཚགས་ཡིན་བཅས་དཔྱད་འཇོག་གནང་ཡོད། དེས་ཀྲུང་དབྱང་གིས་ལས་རྐང་ལ་བློ་དཀར་ཞིང་སྤྱོད་གཙང་དོན་དངོས་སྒྲུབ་མཁན་གྱི་དཔོན་པོར་ཁས་ལེན་བྱས་པ་མཚོན།
གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ལས་གནས་གལ་ཆེན་དུ་བསྐོ་བ།
ད་ལོ་ལོ་ན༥༣སོན་པའི་ནུར་བྷེ་ཁུ་རེ་ནི་རེབ་འདིའི་བརྗེ་གསོར་ཁྲོད་རྒྱལ་ཁབ་འཕེལ་རྒྱས་ཨུ་ལྷན་གྱི་པུའུ་རིམ་པ་དང་པོའི་ཀྲུའུ་རེན་དང་། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་ཅུས་ཀྲང་དུ་བསྐོས། དེ་ནི་ཉེ་བའི་ལོ་འདི་འགའི་རིང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྲིད་གཞུང་གི་ཆེ་མཐོང་དཔལ་འབྱོར་སྡེ་ཚན་དུ་འགན་ཁུར་པའི་དཔོན་པོ་ཐོག་མར་གྱུར། དེ་དང་ཆབས་ཅིག ནུར་བྷེ་ཁུ་རེ་ནི་ནུས་ཁུངས་ཞིང་ཆེན་ཆེ་གྲས་ཤིན་ཅང་ནས་ཐོན་པས། དེ་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་སྲིད་ཇུས་དེ་ཀྲུང་དབྱང་གི“དར་གོས་གནའ་ལམ་དཔལ་འབྱོར་རྒྱུད”ཀྱི་འཐབ་ཇུས་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་ཡིན་པའི་བརྡ་རྟགས་ཡིན་ཡང་སྲིད། ནུར་བྷེ་ཁུ་རེའི་ཚབ་ཏུ་ཤིན་ཅང་སྲིད་གཞུང་གི་ལས་ཚབ་ཀྲུའུ་ཞིའི་འགན་ཁུར་མཁན་དེ་སྔའི་ཤིན་ཅང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞོར་ཁུ་ལེ་ཐུ་གྲ་ཁར་རེད། ཁོས་ཝོ་རུ་མུ་ཆི་གྲོང་ཁྱེར་གྱི་འགོ་གཙོ་དང་། ཤིན་ཅང་ཐོན་སྐྱེད་འཛུགས་བསྐྲུན་དཔུང་ཚོགས་ཀྱི་ཀྲེང་ཨུ་ཟུར་པ། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཟུར་པ། ཤིན་ཅང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་འགན་བཞེས་མྱོང་པས། ས་གནས་ཉམས་མྱོང་དང་ཆེ་མཐོང་མཐོང་རྒྱ་ཆེན་པོ་ལྡན། ཐེངས་འདིའི་མི་དོན་བརྗེ་གསོར་གྱིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཡང་རྒྱ་རིགས་ལས་བྱེད་པ་ནང་བཞིན་མི་སྤྱོད་སྲིད་ཇུས་ཤུགས་ཆེར་སྐྱེད་སྒང་ཡིན་པ་མངོན་ཡོད།(རྩོམ་འགན་པ། རྟ་མགྲིན)