ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་རེད།

2015-01-16
  ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་པ་དང་། གཏན་འབེབས་ནང་2014ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་གཅིག་གྱུར་ཐོག་མཐོ་རུ་གཏོང་རྒྱུ་དང་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད། གཏན་འབེབས་རབ་དང་རིམ་པ་དེ་དག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་སྤྱི་འདོམས་དང་སྐུལ་འདེད་བཏང་ནས་རྒན་གསོའི་འགན་བཅོལ་ལམ་ལུགས་དེ་བས་དྲང་གཞག་དང་རྒྱུན་མཐུད་ཡོང་བ་བྱས་པའི་བྱ་ཐབས་གལ་ཆེན་གཞན་ཞིག་ཀྱང་ཡིན་པ་རེད།
  《གཏན་འབེབས》ནང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་དེ་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩ་འགན་ལེན། རིམ་པ་མང་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བྱེད་ཕྱོགས་ཤིག་ཡིན་པ་དང་། དྲང་གཞག་རང་བཞིན་ཆེ་རུ་གཏོང་བ་དང་། གནས་སྤོ་འགྲོ་སྐྱོད་དང་འཚམ་པ། འགན་ལེན་རྒྱུན་མཐུད་ཐུབ་པ་བཅས་གཙོ་བོར་བྱས་ཏེ་ད་ལྟ་སྤྱོད་བཞིན་པའི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་ལས་འཁྱུར་ངལ་གསོའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་ལོགས་སུ་རང་ཚུགས་ཡིན་པ་དང་། མ་དངུལ་ཡོང་ཁུངས་མང་བ། འགན་ལེན་བྱ་ཐབས་མང་བ། དོ་དམ་དང་ཞབས་ཞུ་སྤྱི་ཚོགས་ཅན་བཅས་ཀྱི་རྒན་གསོའི་འགན་བཅོལ་མ་ལག་ཅིག་རིམ་བཞིན་འཛུགས་དགོས་ལུགས་བསྟན་ཡོད།
  《གཏན་འབེབས》ནང་ལས་ཁུངས་དང་བྱ་གཞག་ཚན་པས་སྤྱི་ཚོགས་ཀྱི་སྤྱི་འདོམས་དང་མི་སྒེར་གྱི་རྩིས་ཐོ་ཟུང་འབྲེལ་བྱེད་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ཏེ་ཚན་པ་དང་མི་སྒེར་གྱིས་ཐུན་མོང་ཐོག་མ་དངུལ་བསྡུ་སྐྱེལ་དང་། གཞི་རྩའི་རྒན་གསོའི་དངུལ་རྩིས་སྤྲོད་ཀྱི་བྱ་ཐབས་ལ་སྒྱུར་བཅོས་བྱས་ནས་ཐོབ་ཐང་དང་དངུལ་བསྡུ་སྐྱེལ་གཉིས་ཕན་ཚུན་འབྲེལ་བ་བྱས་ཏེ་མང་ཙམ་བསྐྱལ་ན་མང་ཙམ་ཐོབ་པ་དང་ཡུན་རིང་བསྐྱལ་ན་མང་ཙམ་ཐོབ་པའི་ཡར་སྐུལ་ལམ་སྲོལ་འཛུགས་པ། གཞི་རྩའི་རྒན་གསོའི་དངུལ་རྒྱུན་གཏན་ལྟར་ལེགས་སྒྲིག་བྱེད་པའི་ལམ་སྲོལ་བཙུགས་ཏེ་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུར་སྤྱི་འདོམས་ཐོག་བསམ་གཞིག་བྱེད་པ། རྒན་གསོའི་འགན་བཅོལ་ཐེབས་རྩ་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཐེབས་རྩའི་བདེ་འཇགས་འགན་ལེན་བྱེད་པ། རྒན་གསོའི་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་དང་རྒྱུན་མཐུད་ཀྱི་ལས་དོན་ཡག་པོ་སྤེལ་ནས་མི་སྣ་ལུགས་མཐུན་ངང་འགྲོ་སྐྱོད་ལ་སྐུལ་མ་གཏོང་བ། ལས་རིགས་ཀྱི་ལོ་ཕོགས་ལམ་ལུགས་གོམ་པ་གཅིག་མཚུངས་ཀྱིས་བཙུགས་ནས་རིམ་པ་མང་བའི་རྒན་གསོའི་འགན་བཅོལ་མ་ལག་ཆགས་པ་བྱེད་པ། རྒན་གསོའི་འགན་བཅོལ་མ་དངུལ་གྲབས་གསོག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐོབ་ཐང་སྤྲོད་ཐུབ་པ་བྱེད་པ། སྤྱི་ཚོགས་ཅན་གྱི་དོ་དམ་ཞབས་ཞུ་རིམ་བཞིན་ལག་བསྟར་བྱས་ཏེ་དོ་དམ་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
  《གཏན་འབེབས》ནང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཐོབ་ཐང་ལེགས་སྒྲིག་བྱ་རྒྱུ་དེ་མང་ཚོགས་ཁྲི་དུང་ཕྱུར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་ཁྱབ་རྒྱ་ཆེ་ལ་སྲིད་ཇུས་ཀྱི་རང་བཞིན་ཤུགས་ཆེན་ལྡན་པའི་ནན་བཤད་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་སྒྱུར་བཅོས་དང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་འགོ་བཙུགས་ཐོག་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་སྒྱུར་བཅོས་ལ་སྐུལ་མ་བདེ་བླག་ངང་གཏོང་ཐུབ་པ་དང་དམངས་འཚོ་དེ་བས་འགན་ལེན་དང་ལེགས་གཏོང་གིས་སྤྱི་ཚོགས་དྲང་བཞག་དྲང་བདེན་དང་བརྟན་ལྷིང་མཐུན་སྦྱོར་ཡོང་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
  རང་རྒྱལ་གྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོའི་ལམ་ལུགས་དེ་1955ལོར་བཙུགས་པ་དང་ལོ་60ཡི་ནང་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་གཞི་རྩའི་འཚོ་བ་འགན་ལེན་དང་ལས་བྱེད་པའི་དཔུང་ཁག་བརྟན་པོ་ཡོང་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་མ་ལག་འཛུགས་པ་དང་འཕེལ་རྒྱས་འགྲོ་བ་དང་ལྷག་དོན་དུ་ཁེ་ལས་ཀྱི་ལས་བཟོའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཛུགས་པ་དང་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་ཆ་རྐྱེན་བཟང་པོ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་མ་གཏོང་བ་དང་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཐད་ལའང་དེ་མཚུངས་ཀྱི་གཏན་འབེབས་བཟོས་པ་མ་ཟད། ས་གནས་ཁག་གཅིག་ཏུ་ཚོད་ལྟ་དང་འཚོལ་ཞིབ་བྱས་པ་ཁ་གསལ་བཏོན་ཡོད། ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཞིབ་འཇུག་དང་རིག་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་གོམ་པ་གཅིག་མཚུངས་ཀྱིས་བྱ་རྒྱུའི་གཏན་འབེབས་བྱས་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་མ་ལག་འཛུགས་པར་སྤྱི་འདོམས་དང་སྐུལ་མ་གཏོང་རྒྱུར་ཕན་པ་ཡོད་པ་དང་མི་ཤུགས་ཐོན་ཁུངས་ལུགས་མཐུན་ངང་འཁོར་སྐྱོད་དང་བཀོད་སྒྲིག་ཡག་པོ་ཡོང་རྒྱུར་སྐུལ་མ་ཐེབས་ནས་ལས་བཟོ་གཞན་དང་གཅིག་གྱུར་དང་སྤྱི་ཚོགས་ཅན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་བཙུགས་ཐོག་ཐོབ་ཐང་གི་ཧེ་བག་ཆེ་བའི་འགལ་བ་རིམ་བཞིན་མེད་པ་བཟོ་དགོས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག