ཧྭ་ཧའེ་སློབ་ཆེན་སའི་གོ་ལ་དང་བཟོ་སྐྲུན་སློབ་གླིང་གི་ཞིབ་འཇུག་ཚོགས་པས་བཏོན་པའི་ས་འོག་ཆུའི་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རིགས་པའི་གཞུང་ལུགས་གཞིར་བཟུང་། ནང་སོག་ཨ་ལ་ཧྲན་ཡིའུ་ཆིར་འཐུང་ཆུའི་ཆུ་འགོ་བཙལ་འཚོལ་གྱི་ལས་དོན་ལ་ཉེ་སྔོན་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁྲོན་པ ༨ ནས་ཉིན་མཚན་རེར་སྤུས་ལེགས་ཀྱི་གཏེར་ཆུ་སྨི་གྲུ་བཞི་ལྷམ་པ་ཁྲི ༡ ཙམ་ཐོན་ཡོད་པ་རེད།
ནང་སོག་ཨ་ལ་ཧྲན་ཡིའུ་ཆི་ནི་ནང་སོག་ས་མཐོའི་ཆེས་སྐམ་སའི་ཁུལ་དུ་གནས་ཡོད་པ་དང་ལོར་ཆར་ཆུ་བབ་ཚད་ཧའོ་སྨི ༡༠༠ ཡང་ཟིན་གྱི་མེད། ས་གནས་དེར་ས་ངོས་ཀྱི་ཆར་ཆུའི་བཞུར་རྒྱུག་མེད་པ་དང་ས་འོག་ཆུའི་ནང་གནོད་ལྡན་དངོས་པོ་ལྡན་ཚད་དམིགས་ཚད་ལས་ཚབས་ཆེར་བརྒལ་ཡོད་པས་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་དེ་ཁུལ་དེ་བཙུགས་པ་ནས་བཟུང་ཧ་ཅང་མངོན་གསལ་དོད་པོ་ཡོད། མཐའ་ཡས་ཀྱི་བྱེ་ཐང་ཁྲོད་ཇི་ལྟར་བྱས་ཏེ་གནད་ལ་འཁེལ་བའི་ཐོག་ནས་ཆུ་འགོ་བཙལ་དགོས་སམ། ཧྭ་ཧའེ་སློབ་ཆེན་སའི་གོ་ལ་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲེན་ཅན་ཧྲེང་དང་། དེ་བཞིན་ཚོགས་པ་དེས་ལོ་མང་ཞིབ་འཇུག་བྱས་པ་བརྒྱུད་ས་འོག་ཆུའི་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རིགས་པའི་གཞུང་ལུགས་བཏོན་ནས་པ་ཏན་ཅི་ལིན་བྱེ་ཐང་ཁྲོད་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་ས་འོག་ཆུའི་འབྱུང་ཁུངས་གནས་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཆོག་པའི་ངོས་འཛིན་གནང་བ་མ་ཟད། རིགས་པའི་གཞུང་ལུགས་དེ་གཞིར་བཟུང་པ་ཏན་ཅི་ལིན་བྱེ་ཐང་ཁྲོད་རྒྱལ་ཁབ་ཀྱི་སི་ལྡན་པའི་གཏེར་ཆུའི་ཚད་གཞི་དང་མཐུན་པའི་སྤུས་ལེགས་ཀྱི་ཆུ་འགོ་གསར་རྙེད་བྱུང་བ་རེད།
ས་འོག་ཆུའི་གཏིང་ཟབ་པའི་འཁོར་སྐྱོད་བྱེད་དོན་ཅི་ཡིན། དགེ་རྒན་ཆེན་མོ་ཁྲེན་ཅན་ཧྲེང་གིས་གསར་འགོད་པར“ང་ཚོས་དུས་ཡུན་རིང་པོའི་ནང་མཚོ་བོད་ས་མཐོའི་ཆུའི་འབོར་ཚད་དོ་སྙོམས་ལ་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ནང་ཁུལ་དུ་བཞུར་བའི་མཚེའུ་དང་ཆུ་བོའི་གནས་བབ་ལ་ཚབས་ཆེ་བའི་ཆུ་འཛག་ལྷུང་ལྡན་ཡོད་ཅིང་། ཚོད་དཔག་བྱས་ན་ལོ་རེར་ཆུ་འཛག་ལྷུང་བྱེད་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར ༡༠༠༠ ཙམ་ཟིན་གྱི་ཡོད། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་ཞིབ་འཇུག་བྱས་པ་ལྟར་ན། བྱང་གནམ་མཚོ་ཁོ་ནས་ལོ་རེར་ཆུ་འཛག་ལྷུང་བྱེད་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར ༩༠ ཙམ་ཟིན་གྱི་ཡོད”ཅེས་གསུངས། དགེ་རྒན་ཆེན་མོ་ཁྲེན་ཅན་ཧྲེང་གིས་འཛག་ལྷུང་བྱས་པའི་ཆུ་རྣམས་འབབ་རྒྱུད་བརྒལ་བའི་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རྣམ་པ་བརྒྱུད་མཚོ་བོད་ས་མཐོའི་མཐའ་སྐོར་གྱི་ཀླུང་ཐང་ས་ཁུལ་དུ་འབུད་པ་དང་། དེའི་ཁྲོད་ཆུ་འགའ་ཞིག་བྲག་ལེབ་དབར་གྱི་འཚེམ་སྦྱར་རྒྱུད་ནས་ནུབ་ནས་ཤར་གྱི་ཕྱོགས་སུ་འབུད་ཏེ་ཨ་ལ་ཧྲན་དང་ཨེའར་ཏོ་སི། ཧྭ་བྱང་བདེ་ཐང་། རི་བོ་ཏ་ཤིང་ཨན་ལིང་སོགས་ས་ཁུལ་དུ་བརྒྱུད་ཀྱི་ཡོད།
གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རིགས་པའི་གཞུང་ལུགས་གཞིར་བཟུང་། ནང་སོག་ས་མཐོའི་རི་བཟོའི་རྒྱུད་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་གས་སྲུབས་ས་རྒྱུད། མེ་རི་གས་ཁ་སོགས་ས་གཤིས་གྲུབ་ཚུལ་ཁྲོད་འཁོར་སྐྱོད་གཏིང་ཟབ་པའི་ས་འོག་ཆུ་བཙལ་རྙེད་ཐུབ་སྲིད། རིགས་པའི་གཞུང་ལུགས་འདིར་གཞིགས་ན། གཏིང་རིང་བའི་ཆུའི་འཁོར་སྐྱོད་ཀྱི“རང་བྱུང་བགྲོད་ལམ”ཐོག་གནས་པའི་མེ་རིའི་གས་ཁ་སོགས་ཆུ་སྦུག་གྲུབ་ཚུལ་བཙལ་རྙེད་ཐུབ་ཚེ་འབབ་ཆུའི་ཐོན་སྒོ་རྙེད་པ་དང་གཅིག་མཚུངས་རེད། དགེ་རྒན་ཆེན་མོ་ཁྲེན་ཅན་ཧྲེང་གིས“བྱེ་ཐང་ཁྲོད་ནས་ཆུ་རྙེད་པ་དེས་ས་འོག་ཆུར་གཏིང་ཟབ་པའི་འཁོར་སྐྱོད་ཀྱི་རྣམ་པ་ལྡན་པ་ར་སྤྲོད་བྱས་ཡོད”ཅེས་གསུངས། ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཁྲོན་པ ༨ ཀྱི་ཆུའི་སྤུས་ཚད་ཚང་མ་རྒྱལ་ཁབ་ཀྱི་འཐུང་ཆུའི་ཚད་གཞི་དང་མཐུན་ཡོད་པ་དང་། ཆུའི་ནང་སི་དང་ཀུའེ་སྐྱུར་སོགས་མིའི་གཟུགས་པོར་ཕན་པ་ཆེ་བའི་གཏེར་རྒྱུ་ཕུན་སུམ་ཚོགས་པོ་ལྡན་ཡོད་པས་སྨན་བཅོས་ལུས་གསོའི་ནུས་པ་ལེགས་པོ་ལྡན་ཡོད་ལ་ཆེས་མཐོ་བའི་ཚོང་ལས་གསར་སྤེལ་གྱི་རིན་ཐང་ཡང་ལྡན་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)