ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ཀྱི་སྤྲུལ་སྐུས་དེང་རབས་ཀྱི་ཆ་འཕྲིན་བརྒྱུད་ལམ་ནི་ཆོས་སྤེལ་བའི་ཐབས་ལམ་ཡག་པོ་ཞིག་ཡིན་ཞེས་བརྗོད།

2015-01-23
  ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། “ནང་ཆོས་ཀྱི་སྲོག་རྩ་ནི་ཡར་ཀླུང་གཙང་པོ་བཞིན་འཕེལ་བཞིན་ཡོད་པས་བོད་བརྒྱུད་ནང་བསྟན་ལའང་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་དགོས”ཞེས་ཚེས་18ཉིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དགེ་འདུན་པ་ཉི་མ་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད།
  ཉི་མ་ཚེ་རིང་རབ་ཏུ་བྱུང་ནས་ལོ་20ལྷག་ཙམ་རིང་བོད་བརྒྱུད་ནང་བསྟན་སྐོར་གྱི་དེབ་མང་པོ་བརྩམས་ཡོད། ཁོང་གིས་དེང་རབས་ཀྱི་འཕོ་འགྱུར་ཁྲོད་བྱ་བ་གསར་པ་མང་པོ་ཐོན་པ་དང་སྲོལ་རྒྱུན་དང་དེང་རབས་མཉམ་དུ་འདྲེས་པའི་བརྒྱུད་རིམ་ནང་ཡང་དག་པའི་རྣམ་དཔྱོད་ཉིད་གལ་ཆེན་པོ་ཆགས་ཡོད། “དཔེར་ན། རླུང་འཕྲིན་བརྙན་འཕྲིན་དང་སྨྱན་སྦྱོར་བརྒྱུད་ལམ་གསར་པ་ལ་བརྟེན་ནས་སྟོན་པའི་རྗེས་འཇུག་པ་ཚོས་ཐོས་བསམ་ལ་གཞོལ་བ་དང་ནང་ཆོས་སྤེལ་བར་བེད་སྤྱོད་དགོས་པ་ལྟ་བུ་ཡིན”ཞེས་བཤད།
  QQདང་། འཕྲིན་ཆུང་། པོད་ཕྲན་སོགས་ཀྱི་སྐོར་གླེང་སྐབས་དགུང་ལོ་18ལ་ཕེབས་པའི་རྭ་སྒྲེང་རིན་པོ་ཆེས་དེང་རབས་ཀྱི་ཆ་འཕྲིན་བརྒྱུད་ལམ་གྱིས་ངའི་ཐོས་བསམ་བྱ་བར་ཤུགས་རྐྱེན་མི་ཕོག་པ་མ་ཟད། ནང་ཆོས་སྤེལ་བའི་ལས་རོགས་ཡག་པོ་ཞིག་ཡིན་ཞེས་གསུངས།
  “པོད་ཕྲན་གཏོང་རིམ་བཞིན་སྔོན་ལ་ངས་ཆོས་ལ་གོ་བ་ཡག་པོ་ལོན་པ་དང་བློ་གཟུ་བོས་གོ་བ་ཡག་པོ་བླངས་པ་དང་གུང་བསྒྲིགས་ནས་ནང་ཆོས་རྣལ་མ་བརྒྱུད་གཏོང་བྱེད་ཀྱི་ཡོད། དེང་རབས་ཀྱི་ཆ་འཕྲིན་བརྒྱུད་ལམ་ནི་ནང་ཆོས་སྤེལ་བའི་ཐབས་ལམ་ཡག་པོ་ཞིག་ཡིན་པས། དེ་བེད་ཡག་པོ་སྤྱད་ཚེ་དགེ་བ་མང་པོ་གསོག་ཐུབ་པ་ཞིག་ཡིན”ཞེས་རྒྱ་མཚོ་གླིང་སྐུ་ཕྲེང་བརྒྱད་པས་དེ་ལྟར་གསུངས། “ལོ་རབས་དགུ་བཅུ་པའི་ནང་”འཁྲུངས་པའི་ཁོང་གི་འཕྲིན་ཆུང་དང་པོད་ཕྲན་ལ་ལྟ་མཁན་ཁྲི་གཉིས་ཙམ་ཡོད་ཅིང་། འཕྲིན་ཆུང་དང་པོད་ཕྲན་ནང་འཁོད་པའི་ནང་ཆོས་ཀྱི་སྙིང་པོ་དག་ལ “མོས་རྟགས ”གནོན་མཁན་ཤིན་ཏུ་མང་པོ་ཡོད་པ་རེད།
  ལོ་དེ་དག་ནང་བོད་ཀྱི་དགོན་སྡེའི་གྲྭ་ཤག་ཕལ་མོ་ཆེར་འཕྲིན་ལམ་30ལྷག་ཙམ་ལྟ་ཐུབ་པའི་བརྙན་འཕྲིན་གྱི་སྐུད་ལམ་ཁྲིད་པ་མ་ཟད། དགོན་སྡེར་དུས་གཏན་ནང་གློག་བརྙན་ཡང་སྟོན་གྱི་ཡོད།
  “བོད་བརྒྱུད་ནང་བསྟན་དང་ནང་ཆོས་རིག་དངོས་དང་གནའ་རྫས་རྟོག་ཞིབ་སྐོར་གྱི་དངོས་མཚོན་གློག་བརྙན་བལྟ་རྒྱུར་དགའ་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ཀྱིས་བརྙན་འཕྲིན་ལྟ་རིམ་བཞིན་དངོས་སུ་མཇལ་བ་ལྟར་གྱི་ཚོར་སྣང་སྦྱིན་ལ་འགྲེལ་བཤད་དག་ཀྱང་མཁས་པའི་གསུང་བཞིན་གོ་བསྐོན་སློབ་གསོ་ལྡན་པ་ཞིག་ཏུ་སྣང ”ཞེས་ཉི་མ་ཚེ་རིང་གིས་གསུངས་ཤིང་། ཁོང་གིས་དགོན་སྡེའི་དཔེ་ཆའི་འཛིན་གྲྭའི་གྲྭ་བཙུན་ཚོས་བོད་ཡིག་གི་གློག་རྡུལ་ཚིག་མཛོད་ཁ་པར་ནང་ཕབ་ནས་གོ་དཀའ་བའི་ཆོས་ཚིག་གི་གོ་དོན་འཕྲལ་དུ་འཚོལ་བ་མ་ཟད། བོད་རིག་པའི་གློག་རྡུལ་དེབ་ཀྱང་བལྟ་རྒྱུར་དགའ་པོ་ཡོད་ཅེས་བཤད།
  སྨྱན་སྦྱོར་བརྒྱུད་ལམ་གསར་པར་བརྟེན་ནས་ཆོས་སློབ་གཉེར་དང་སྤེལ་བར་བྱེད་ལ། ཆོས་ལུགས་ལས་རིགས་མི་སྣས་དཔེ་ཆ་འདོན་པ་དང་སྒྲ་ཕབ་བརྙན་བཟོ་འགྲེམས་པ་སོགས་ཀྱང་བྱེད་ཅིང་། བསོད་རྒྱལ་རིན་པོ་ཆེའི 《བོད་ཀྱི་བར་དོ་ཐོས་གྲོལ 》དང་བ་ལོད་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི 《རྗེ་བཙུན་མི་ལའི་མགུར 》སོགས་རོལ་དབྱངས་ཆེད་བསྒྲིགས་ལ་ནང་ཆོས་ལས་རིགས་ཁྲོད་དགའ་པོ་བྱེད་མཁན་མང་དག་ཅིག་བྱུང་།
  ཉི་མ་ཚེ་རིང་གིས་སྔོན་མ་སྐྱེས་ཆེན་དམ་པས་རོལ་དབྱངས་ཆེད་བསྒྲིགས་བཏོན་མྱོང་མེད་ཀྱང་། ད་ཆ་མང་བྱིངས་ཀྱི་ཁམས་དང་མོས་པར་འཚམས་པའི་རོལ་དབྱངས་ཆེད་བསྒྲིགས་བཟོས་པའི་ཐོག་ནས་ཆོས་སྤེལ་བ་ནི་བྱ་བ་བཟང་པོ་ཞིག་ཡིན་ཞེས་གསུངས།
  “ཐོས་བསམ་ལ་གཞོལ་ནས་ནང་ཆོས་སྤེལ་བའི་ཐབས་ལམ་སྣ་ཚོགས་ཡོད། དཔེ་ཆ་འདོན་པ་དང་རོལ་དབྱངས་ཆེད་བསྒྲིགས་བཟོ་བ་ནི་ནང་ཆོས་ལ་འགྲེལ་པ་རྒྱག་པའི་དུས་བསྟུན་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་ཡིན ”ཞེས་རྭ་སྒྲེང་སྐུ་ཕྲེང་བདུན་པས་གསུངས་ཤིང་། ཁོང་གིས་སྐྱེས་ཆེན་དམ་པས་ནང་ཆོས་ཉམས་ལེན་གནང་ནས་འཁྲུངས་པའི་རྟོགས་པ་དྲི་མ་མེད་པ་དག་བརྒྱུད་ལམ་སྣ་ཚོགས་ཐོག་ནས་གཞན་ལ་སྤེལ་ན་དེའང “ཆོས”སུ་འགྲོ་བ་ཡིན་ཞེས་གསུངས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག