དབྱང་ཁྲེང་དགོང་དྲོའི་ཚགས་པར་གྱི་འཕྲིན། ཚེས ༢༦ ཉིན། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་ནས“དྲ་རྒྱའི་བསྙད་འདོགས་རྒྱུ་འཕྲོག་རིན་ཡོད་སྦྱར་སུབ”ཀྱི་དཔེ་མཚོན་རང་བཞིན་གྱི་གྱོད་དོན་བཅུ་སྤྱི་བསྒྲགས་བྱས་ཤིང་། ཐིན་ཞུན་རྩོམ་སྒྲིག་པའི་རིན་ཡོད་སྦྱར་སུབ་གྱོད་དོན་ནི་དེའི་གྲས་ཀྱི་གཅིག་རེད། རྒྱུས་ལོན་བྱས་ཏེ་ཤེས་གསལ། ཐིན་ཞུན་རྩོམ་སྒྲིག་པ་ཝང་མོའུ་ལིང་གིས ༢༠༡༡ ལོའི་ལོ་མཇུག་ནས་བཟུང་མི་གཞན་པར་རོགས་བྱས་ཏེ་སྦྱར་སུབ་ལས་ཀ་བྱས་པ་དང་། སྦྱར་ཡིག་གཅིག་བསུབ་ན་སྒོར ༥༠༠ ནས ༡༠༠༠ བར་ལེན་པ་རེད། དེ་མིན་ཁོང་གིས་སོའུ་ཧུའུ་དྲ་རྒྱའི་བདེ་འཇགས་ལྟེ་གནས་ཀྱི་མཐོ་རིམ་སྤྱི་གཉེར་བ་རུས་ཧོ་ཅན་ལ་སྒོར་ཁྲི ༤༦.༩༥ ཡི་ལྐོག་ངན་སྤྲད་དེ། གསར་འགྱུར་བསུབ་རོགས་ཞུས། དོན་དག་འདིའི་ཕྱིར། ཝང་མོའུ་ལིང་ཁྲིམས་ལ་ཐོགས་པ་དང་། དུས་བཀག་བཙོན་འཇུག་ལོ ༦ བྱས།
ཁ་པར་དངQQལམ་ནས་ཕན་ཚུན་འབྲེལ་གཏུག་བྱེད།
གྱོན་དོན་མ་བྱུང་བའི་སྔོན། ཝང་མོའུ་ལིང་ནི་ཐིན་ཞུན་གསར་འགྱུར་ལྟེ་གནས་བདེ་ཐང་ལེ་ཚན་གྱི་རྩོམ་སྒྲིག་པ་ཡིན། ལས་ཀ་གཙོ་བོ་ནི་སྨན་བཅོས་ཕྱོགས་ཀྱི་གསར་འགྱུར་སྤེལ་རྒྱུ་དང་སྨན་ཁང་ཁོ་ཧྲིའི་བར་གྱི་མཉམ་ལས་ཡིན། ཝང་ལ་ཁོ་བོས་བདག་དམ་བྱེད་བཞིན་པའི་གསར་འགྱུར་ལེ་ཚན་དང་། སྤྱི་ཕན་ལེ་ཚན། དཔྱད་འཇོག་ལེ་ཚན། གནམ་གཤིས་ལེ་ཚན་བཅས་ཚན་པ ༤ ལ་བརྡ་འཕྲིན་སྤེལ་བའམ་བསུབ་པའི་དབང་ཆ་ཡོད། བཀའ་བཅད་ཡི་གེ་ལས་གསལ་དོན། ཐིན་ཞུན་ཀུང་སིའི་སྦྱར་སུབ་ཐག་གཅོད་ལྟར་ན། ལས་བཟོ་བ་ཚང་མར་ལས་ཞུགས་གོང་དུ་སྦྱོང་བརྡར་དང་ཡིག་རྩལ་བཏང་ཡོད་པ་རེད། རྒྱུན་ལྡན་གྱི་སྦྱར་སུབ་ལ་རིན་པ་སྤྲོད་དགོས་ཀྱི་མེད་པ་དང་། ཡིན་ནའང་འབྲེལ་ཡོད་འགོ་ཁྲིད་ནས་ཞིབ་བཤེར་ཆོག་མཆན་ཐོབ་དགོས།
༢༠༡༢ ལོའི་ཟླ ༢ ནས ༨ བར། ཝང་གིས་རང་ཉིན་ཀྱི་ཐིན་ཞུན་རྩོམ་སྒྲིག་པའི་ལས་གནས་བེད་སྤྱད་ནས། ཁྲིམས་འགལ་གྱིས་དྲ་གྲོགས་རུས་ལི་ཅན་གྱི་ལྐོག་ངན་བླངས་ཏེ། ཁོ་བོར་རོགས་རམ་བྱས་ཤིང་ཐིན་ཞུན་དྲ་བ་ནས་བརྡ་འཕྲིན་སུབ་པ་རེད། རུས་ལི་ཅན་པོས་ར་སྤྲད་རྒྱུར། ཁོ་མོས་ཐིན་ཞུན་དྲ་བའི་བརྡ་འཕྲིན་ཅིག་བསུབ་དགོས་པས། ཝང་ལ་ཁ་པར་དངQQལམ་ནས་འབྲེལ་གཏུག་བྱས་པ་ཡིན་ཟེར། སྐབས་དེར་ཝང་གིས་ཁོ་མོར་མིང་ངོ་མ་བཤད་མེད་པ་དང་། དྲ་མིང་ལ“དྲ་རྒྱའི་རྩོམ་སྒྲིག་པ”འམ“གསར་འགྱུར་དྲ་བའི་རྩོམ་སྒྲིག་པ”ཞེས་བཏགས་ཡོད་པ་རེད།
ཝང་གིས་རིན་ཡོད་སུབ་སྦྱར་བྱས་པ་ཁས་བླངས། ཁོང་གིས་བཤད་རྒྱུར། རུས་ལི་ཅན་པོས་ཁོ་རང་བཙལ་ཏེ་སྦྱར་སུབ་ཀྱི་རེ་འདུན་ཞུས། སྐབས་ལ་ལར་ཁོང་གིས་རིན་མེད་པར་སུབ་པ་དང་། སྐབས་རེར་ཁོང་གིས་གཞན་པར་སུབ་རོགས་ཞུས་པ་རེད། ཁོང་གིས་བསུབ་མི་ཐུབ་པའི་གསར་འགྱུར་དེ་འདྲ་ཡོད་ན། QQཡི་ཚོམས་སུ་བསྐུར་ཏེ་མི་གཞན་པར་བསུབ་རོགས་ཞུས་པ་རེད། རུས་ལི་ཅན་པོས་ཝང་ལ་སྒོར་མོ་སྤྲད་རྗེས། ཝང་གིས་སྒོར་མོ་ཡོངས་གཞན་ལ་སྤྲད་པ་རེད། ཝང་གིས ༢༠༡༡ ལོའི་ལོ་མཇུག་ནས་གཞན་པར་སྦྱར་ཡིག་བསུབ་རོགས་བྱས་པ་དང་། ནང་དོན་གཅིག་བསུབ་ན་སྒོར་མོ ༥༠༠ ནས ༡༠༠༠ བར་ཡིན་པ་རེད།
ཁྱོན་བསྡོམས་སྦྱར་བ ༢༠ ལྷག་སུབ་རོགས་བྱས་ཡོད་པ་དང་། སྒོར་མོ་ཡོངས་ཁོ་བོའི་སློབ་གྲོགས་རུས་ཀྲོའུ་ཅན་གྱི་དངུལ་བྱང་དུ་བསྐུར་ཡོད་འདུག
དྲ་བའི་སྤྱི་གཉེར་བ་ལ་ལྐོག་ངན་ཧ་ལམ་སྒོར་མོ་ཁྲི ༤༧ སྤྲད།
གཞུང་ཕྱོགས་ཞུ་སྦྱོར་ལས་ཁུངས་ནས་ཞིབ་བཤེར་ཐུབ་རྒྱུར། རུས་ལི་ཅན་པོས་ཝང་ལ་ཁྱོན་བསྡོམས་སྒོར་ཁྲི ༡༢.༧༣ སྤྲད་ཡོད་པ་རེད། ཝང་གིས་མི་སྒེར་ལ་རོགས་བྱས་ཏེ་སྦྱར་སུབ་བྱེད་པ་མ་ཟད། ཀུང་སི་ལའང་རོགས་རམ་སྦྱར་སུབ་བྱས་ཏེ་སྒོར་མོ་ཁྲི ༦.༧༡ བླངས་ཡོད་པ་རེད།
རྒྱུས་ལོན་བྱས་ཏེ་ཤེས་གསལ། རིན་ཡོད་སྦྱར་སུབ་ནི་ཐོན་ལས་ཕྲེང་བར་གྲུབ་ཡོད་པ་རེད། དཔེར་ན། རུས་ལི་ཅན་ནི་མཚམས་སྦྱོར་བའམ་བར་འདུག་བྱས་པས། “ཉམས་ཉེན་སྤྱི་འབྲེལ་ཚོགས་པ”བཙུགས་ཏེ་བརྡ་འཕྲིན་སྤེལ་བ་དང་། གསར་འགྱུར་དང་སྦྱར་བ་བསུབ་དགོས་པའི་མི་སྒེར་དང་ཁེ་ལས་ཀྱིས་ལི་ལ་འབྲེལ་བ་བྱས་རྗེས། ལི་ཡིས་དྲ་བའི་རྩོམ་སྒྲིག་པར་འབྲེལ་བ་བྱེད་པ་རེད། ཝང་རང་ཉིད་ཀྱིས་རིན་ཡོད་སྦྱར་སུབ་བྱེད་པ་མ་ཟད། དྲ་བའི་རྩོམ་སྒྲིག་པ་གཞན་པར་འབྲེལ་བ་བྱས་ཏེ་རིན་ཡོད་སྦྱར་སུབ་བྱེད་པ་རེད། ཁྲིམས་ཁང་ནས་ཞིབ་བཤེར་ཐུབ་རྒྱུར། ༢༠༠༩ ལོའི་ཟླ ༡༡ པ་ནས ༢༠༡༢ ལོའི་ཟླ ༥ བར་ཝང་གིས་འབྲེལ་ཡོད་དྲ་བའི་བརྡ་འཕྲིན་བསུབ་སྟེ་ལྐོག་ངན་ལེན་ཆེད། པེ་ཅིང་སོའུ་ཧུའུ་སྨྱན་སྦྱོར་གསར་བའི་བརྡ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིའི་དྲ་རྒྱའི་བདེ་འཇགས་ལྟེ་གནས་ཀྱི་མཐོ་རིམ་སྤྱི་གཉེར་བ་རུས་ཧོ་ཅན་ལ་སྒོར་ཁྲི ༤༦.༩༥ ཡི་ལྐོག་ངན་སྤྲད་པ་རེད།
རྩིས་སྤོའི་ཡིག་ཆ་ནས་ལྐོག་ངན་སྒོར་མོའི་ཁ་གྲངས་གསལ།
དོན་དག་འདིར་ཁྲིམས་ཁང་ནས་གྲོས་རིམ་དང་པོའི་ཁྲིམས་གཅོད་བྱས། ཝང་ལ་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་མ་ཡིན་པའི་ལྐོག་ངན་བླངས་པའི་ནག་ཉེས་ཀྱིས་དུས་བཀག་བཙོན་འཇུག་ལོ ༥ བྱ་རྒྱུའི་ཁྲིམས་ཐག་བཅད། རྒྱལ་ཁབ་ཀྱི་ལས་བྱེད་པ་མ་ཡིན་པར་ལྐོག་ངན་བརྫངས་བའི་ནག་ཉེས་ཀྱིས་ཝང་དུས་བཀག་བཙོན་འཇུག་ལོ ༡ དང་ཟླ ༦ བྱས། མཐར་དུས་བཀག་བཙོན་འཇུག་ལོ ༦ བྱེད་པའི་ཁྲིམས་ཐག་བཅད། ཝང་གིས་གོང་ལ་ཞུ་གཏུག་བྱས་དོན། གྲོས་རིམ་དང་པོར་མཉེན་ཡིག་ཁྱབ་གདལ་གྱི་གླ་ཆ་སོགས་ཀྱི་མ་དངུལ་ཡོངས་སྦྱར་སུབ་རིན་གོང་ཁྲོད་དུ་རྩིས་བརྒྱབ་པ་དང་། དྲ་བ་གཞན་པའི་སྦྱར་ཡིག་སུབ་པའི་རིན་པ་ཡང་ཐིན་ཞུན་དྲ་བའི་བརྡ་འཕྲིན་གླ་ཆར་བརྩིས་པས། ལྐོག་རྔན་བླངས་བ་དང་བརྫངས་བ་ཁག་གཅིག་ཡང་བསྐྱར་རྩིས་ཏེ་སོ་སོར་ཁྲིམས་གཅོད་དགོས་ཟེར། ད་རུང་སྦྱར་སུབ་ཟིན་ཐོ་སྟེ་གྱོན་དོན་འདི་ཐག་གཅོད་ཀྱི་བདེན་དཔང་གཙོ་བོ་དེ་མེད་པས། ཁྲིམས་གཅོད་པའི་བདེན་དཔང་མི་འདུག་ཟེར།
དེའི་རྗེས་ཀྱི་གྲོས་རིམ་གཉིས་པར་ཁྲིམས་ཁང་ནས་མཐའ་མའི་འདྲི་གཅོད་བྱས་ཤིང་ཐོག་མའི་ཁྲིམས་བཅད་སྲུང་འཛིན་བྱས། ཁྲིམས་ཁང་གིས་གྱོད་དོན་འདིར་ཝང་གི་དངུལ་བྱང་བེད་སྤྱོད་ལོ་རྒྱུས་གསལ་བའི་ཞིབ་ཐོ་དང་ལྐོག་རྔན་སྤྲད་མཁན་གྱི་དངུལ་བྱང་ལོ་རྒྱུས་གསལ་བའི་ཞིབ་ཐོ་སོགས་རྩིས་སྤོ་ཡིག་ཆས་དངུལ་གྱི་ཁ་གྲངས་གསལ་བོ་བདེན་དཔང་བྱས་པ་མ་ཟད། རུས་ལི་ཅན་དང་ཧོ་བཅས་ཀྱི་དཔང་ཚིག་དང་བསྐོར་ཞིབ་དག་ཐེར་ཟིན་ཐོ་ཡོད་པས། འདི་དག་གིས་ཝང་གི་ཚུར་བླངས་བའི་སྦྱར་སུབ་གླ་ཆ་དང་ཕར་སྤྲད་པའི་སྦྱར་སུབ་གླ་ཆ་སོགས་བདེན་དཔང་བྱེད་ཐུབ་པ་མ་ཟད། རྩིས་སྤོ་ཡིག་ཆ་ལས་ཐོབ་པའི་དངུལ་གྱི་ཁ་གྲངས་དང་། རུས་ལི་ཅན་དང་ཧོ་བཅས་ཀྱི་གོ་ཆོད་ཉེས་དོན་ཐག་གཅོད་ཡི་གེའམ་བཀའ་བཅད་ཡི་གེས་གཏན་ཁེལ་བྱས་པའི་དངུལ་གྱི་ཁ་གྲངས་གཅིག་པ་རེད་འདུག(རྩོམ་འགན་པ། རྟ་མགྲིན)