ལོ་སར་ལ་ཉེ་དུས་འདིར། གསར་འགོད་པའི་བོད་ལྗོངས་ནས་རྒྱུས་ལོན་བྱས་པ་ལྟར་ན། དབྱར་རྩྭ་དགུན་འབུའི་འཛད་སྤྱོད་དགོས་མཁོ་ཉུང་དུ་ཕྲིས་རྐྱེན། དབྱར་རྩྭའི་རིན་གོང་མར་ཆག་སྟེ། དབྱར་རྩྭ་ཆུང་གྲས་ལ་ཤས་ཀྱི་རིན་གོང་སྔ་མའི་ཆ་གཉིས་ཙམ་མར་ལྷུང་ཡོད་འདུག
ཡུན་རིང་དུ་དབྱར་རྩྭའི་ཚོང་ལས་གཉེར་བའི་ཙང་ཧྲན་ཐང་གི་སྤྱི་གཉེར་བས། མིག་སྔར། དབྱར་རྩྭའི་རིན་གོང་ཡོངས་ཁྱབ་ཏུ་ཇེ་དམར་སོང་ཡོད་ཅིང་། དེ་ལས་དབྱར་རྩྭ་ཆུང་འབྲིང་གིས་སྤྱིའི་རིན་གོང་ཆག་ཚད་ཀྱི ༢༥% ཙམ་ཟིན་ཡོད། སྤྱི་རྒྱ་རེར་རྐང ༤༠༠༠ རེ་ཡོད་པའི་གཟུགས་བོང་ཆུང་གྲས་ཀྱི་དབྱར་རྩྭར་མཚོན་ན། སྔོན་ཆད་སྤུས་ཀ་ཅུང་ལེགས་ན་སྤྱི་རྒྱ་རེར་སྒོར་ཁྲི ༡༣ ལྷག་ཡིན་མོད། ད་ལྟ་རིན་གོང་སྒོར་ཁྲི ༡༠ ཙམ་དུ་མར་ལྷུང་ཡོད་ཅིང་། ཆག་ཚད་སྔ་མའི་རིན་གོང་གི་བཅུ་ཆའི་གཉིས་ཙམ་ཡིན།
གངས་ལྗོངས་སྨན་ཁང་ཆེན་མོའི་འགན་འཛིན་པས། ན་ནིང་གི་དབྱར་རྩྭའི་ཚོང་ལས་ཧ་ཅང་སྤྱིར་བཏང་ཡིན་ཞིང་། རིན་གོང་ལ་ཡང་འཕར་ཆག་ཕྲན་བུ་ལས་མེད་མོད། ཉེ་དུས་དབྱར་རྩྭའི་རིན་གོང་མར་ཆག་པ་ཅུང་ཚབས་ཆེ་སྟེ། ཆ་སྙོམས་སུ་དབྱར་རྩྭ་སྤྱི་རྒྱ་རེ་ལ་རིན་གོང་སྒོར་ཁྲི ༢ ཙམ་མར་ཆག་འདུག ཡིན་ནའང་། རྒྱལ་ནང་གི་ཚོང་ར་གཞན་དུ་བཙོང་ཚེ། རིན་གོང་འཕར་ཆག་གི་ཤུགས་རྐྱེན་ལྟོས་བཅས་ཀྱིས་ཅུང་ཆུང་ཞེས་བཤད།
བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲའོ་ཅན་ཕིང་གིས་བཤད་དོན། ལོ་སར་སྔོན་དབྱར་རྩྭའི་རིན་གོང་ཆག་པ་ནི་ཅུང་མཐོང་དཀོན་པའི་སྣང་ཚུལ་ཞིག་སྟེ། འཛད་སྤྱོད་དགོས་མཁོ་ཉུང་ཕྲིའི་རྒྱུ་རྐྱེན་ཕུད། ན་ནིང་ལོ་ཧྲིལ་བོའི་ཚོང་རའི་རིན་གོང་འཕར་ཆག་གི་དབང་གིས། ཚོང་བ་རྣམས་ཀྱི་བསགས་ཟོང་ཙུང་མང་ཕྱིར། ལོ་སར་སྔོན་མ་རྩ་ཕྱིར་སྡུད་ཀྱི་དགོས་དབང་གིས། དབྱར་རྩྭ་མང་བོ་ཕྱིར་བཙོང་བས་ཚོང་རའི་མཁོ་འདོན་མང་དྲགས་པ་ཡང་རིན་གོང་མར་ལྷུང་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་རེད།
ཡང་ཚོང་ལས་མི་སྣ་མང་བོས། དབྱར་རྩྭའི་རིན་གོང་མར་ཆག་པ། ལས་རིགས་འཕེལ་རྒྱས་རྒྱུན་བསྲིང་བར་དགེ་མཚན་ཆེན་པོ་ཡོད་དེ། ལོ་འདི་འགར། ཚོང་བ་ཁ་ཅིག་གིས་དབྱར་རྩྭའི་ནུས་པ་ལ་དོན་དང་མི་མཐུན་པའི་རྟོག་བཏགས་མང་བོ་ཞིག་བྱས་རྐྱེན། དབྱར་རྩྭའི་རིན་གོང་ཚད་ལས་བརྒལ་བ་འཕར་བས། ཐེངས་འདིར་དབྱར་རྩྭའི་རིན་གོང་མར་ཆག་པ་དེས། དབྱར་རྩྭའི་རིན་གོང་ཚད་རན་ཞིག་འོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས་འདུག(རྩོམ་འགན་པ། རྟ་མགྲིན)