ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ཀྱིས་གནམ་ཐང་ཆེན་པོ་གསུམ་བསྐྱར་སྐྲུན་རྒྱས་སྐྲུན་གྱིས་འགྲིམ་འགྲུལ་གནོན་ཤུགས་ཞི་ལྷོད་དུ་བཏང་།

2015-03-19
  བོད་དུ་ཕར་འགྲོ་ཚུར་འོང་གི་ཡུལ་སྐོར་བ་མང་དུ་ཕྱིན་ནས་བོད་ཀྱི་འགྲིམ་འགྲུལ་ལ་གནོན་ཤུགས་འཕྲད་པ་དེ་ཞི་ལྷོད་དུ་གཏོང་ཆེད། བོད་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་ཤོས་ཡིན་པའི་སྨན་གླིང་གནམ་ཐང་ཚེས་15ཉིན་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་འགོ་ཚུགས་པ་རེད།
  སྨན་གླིང་གནམ་ཐང་བོད་ཀྱི་ཤར་ལྷོ་རྒྱུད་ཀྱི་ཉིང་ཁྲི་ས་ཁུལ་ཡར་ཀླུང་གཙང་པོའི་གྲོག་རོང་རྒྱུད་དུ་གནས་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2900ལྷག་ཙམ་ཡོད། དེ་ནི་བོད་ཀྱི་ས་བབ་དམའ་ཤོས་ཀྱི་གནམ་ཐང་ཞིག་ཡིན་པ་དང་། གནམ་ཐང་དེ་2005ལོར་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
  སྨན་གླིང་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་དང་འཁོར་སྐྱོད་ཀྱི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་རྒྱབ་སྐྱོར་བྱ་ཆེད། ལག་བསྟར་བྱས་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན། 2014ལོའི་ལོ་སྨད་ནས་བཟུང་བོད་ཀྱིས་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་8རིམ་གྱིས་བཏང་ནས་ལྷ་སའི་གོང་དཀར་གནམ་ཐང་དང་། ཆབ་མདོའི་སྤང་མདའ་གནམ་ཐང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་བཅས་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་རེད།
  སྨན་གླིང་གནམ་ཐང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཏ་སུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་གླིང་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལས་གྲྭ་དེ་2014ལོའི་ཟླ་དྲུག་པར་རྒྱལ་ཁབ་ཀྱི་རྣམ་གྲངས་བཙུགས་ནས་མཆན་བཀོད་བཀའ་ལན་ཐོབ་པ་དང་། ལས་གྲྭས་2020ལོར་སླེབས་སྐབས་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་75དང་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་3000གི་དམིགས་ཚད་ལག་བསྟར་གཞིར་བཟུང་སྨི་ངོས་གྲུ་10360ཟིན་པའི་གནམ་ཐང་གི་ཐོག་བརྩེགས་ཁང་ཆེན་དང་། སྨི་ངོས་གྲུ3000ཡིན་པའི་ཕྱོགས་བསྡུས་འགན་ལེན་སྡོད་ཁང་། མེ་ཟོན་ས་ཚིགས། ཆུ་འཐེན་ས་ཚིགས་བཅས་གསར་སྐྲུན་དང་གནམ་ཐང་གི་ཐོག་བརྩེགས་ཁང་པ་རྙིང་པ་སྒྱུར་བཀོད་སོགས་ལ་མ་དངུལ་སྒོར་དུང་ཕྱུར2.7གཏོང་རྒྱུ་ཡིན་པ་རེད།
  གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར1.7བཏང་བའི་ལྷ་ས་གོང་དཀར་གནམ་ཐང་མཁའ་འགྲུལ་དོ་དམ་ཐོག་བརྩེགས་ཁང་ཆེན་གྱི་གནས་སྤོས་འཛུགས་སྐྲུན་གྱི་ལས་གྲྭ་དེ་འདི་ལོའི་ཟླ3པའི་ཟླ་སྟོད་དུ་ལས་འགོ་ཚུགས་ཤིང་། བོད་ཀྱི་ཤར་རྒྱུད་དུ་ཡོད་པའི་ཆབ་མདོའི་སྤང་མདའ་གནམ་ཐང་ཡང་2014ལོའི་ཟླ11པར་རྒྱུག་ལམ་གཉིས་པ་བསྐྲུན་པའི་ཚོད་ལྟའི་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱས་ནས་གནམ་ཐང་གི་བསྐྱར་སྐྲུན་རྒྱས་སྐྲུན་ལ་གྲ་སྒྲིག་ཡག་པོ་བྱ་རྒྱུ་ཡིན་པ་རེད།
  ད་ཕན་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བོད་ཀྱི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པར་བརྟེན་བོད་དུ་ཡུལ་སྐོར་བའི་གྲངས་འབོར་མང་དུ་ཕྱིན་པ་དང་ལྷག་པར་དུ་ཡུལ་སྐོར་མཐོ་རླབས་ཀྱི་དུས་ཚིགས་སུ་རྟག་ཏུ་སྤ་སེ་ཉོ་དཀའ་བའི་གནས་ཚུལ་ཐོན་པས་བོད་ཀྱི་མཁའ་འགྲུལ་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་བླང་བྱ་མཐོ་ཙམ་བཏོན་ཡོད།
  2014ལོར་བོད་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1500ལ་སྣེ་ལེན་བྱས་པ་དང་20.3%འཕར་ཞིང་། གནམ་གྲུ་ནས་ཡུལ་སྐོར་བ་མི་ཐེངས་ཁྲི300ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག