སྤྱི་ཟླ༡པའི་ཚེས༢༦ཉིན། 《ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར》གྱིས་ཚེས ༢༡ཉིན་གསར་འགོད་པས་ལྐོག་ནས་ཧྲིན་ཀྲིན་སྤྱི་བདེ་སྡེ་ཁག་གི་འགོ་ཁྲིད་ཀྱིས་ཆང་ཁང་ཆེན་མོ་ཞིག་ཏུ་ཉ་ཁྱེའུ་ཟ་བཞིན་པའི་དོན་རྐྱེན་ལ་བརྙན་སྒྲོན་བྱས་པ་དང་ཕན་ཚུན་བར་དུ་འགལ་བ་བྱུང་ཡོད་པ་རེད། འགོ་ཁྲིད་དེ་དག་གིས་གསར་འགོད་པར་གཅར་རྡུང་བྱས་པར་མ་ཟད། ལག་ཁྱེར་ཁ་པར་དང་བརྙན་ལེན་འཕྲུལ་ཆས་བཙན་འཕྲོག་བྱས་པ་རེད། ཏུང་ཧྲིན་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པས་གནས་ཚུལ་གསལ་རྟོགས་བྱས་རྗེས། གཅར་མཁན་ལ་རོགས་རམ་བྱས་ཏེ་མྱུར་བར་འགྲོ་རུ་བཅུག། ཧྲིན་ཀྲིན་སྤྱི་བདེ་སྡེ་ཁག་གིས་ཚེས༢༦གྱི་ཉིན་དོན་རྐྱེན་འདི་དང་འབྲེལ་བ་ཡོད་པའི་སྤྱི་བདེ་མི་སྣའི་བྱ་བའི་ལས་མཚམས་འཇོག་ཏུ་བཅུག་པ་དང༌། རྩ་འཛུགས་ཀྱིས་ཞིབ་དཔྱོད་བྱེད་བཞིན་པའི་སྒང་ཡིན་ལ། ཉེས་དོན་བཟོས་པའི་ཏུང་ཧྲིན་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་བང་ཡན་ཕིང་གི་ཉེས་དོན་ལ་རྩ་འཛུགས་རྟོག་དཔྱོད་བྱེད་ཀྱིན་ཡོད།
《ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར》གྱི་གསར་འགོད་གནས་ཚུལ་གཞིར་བཟུང་ན། སྤྱི་བསྡོམས་པས་མི༢༨ཐེངས་འདིའི་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཤར་ཕྱོགས་མཚོ་མོའི་ཆུ་མཛོད་ཀྱི་མཚོ་ཟས་རི་གྲོང་དུ་འབོད་པའི་གསོལ་ཚིགས་ཁང་ཆེན་མོ་རུ་བཏུང་བྱའི་ཆང་རང་གིས་ཁྱེར་འོང་བ་དང༌། སྤྱི་བསྡོམས་སྒོར༦༣༥༢དང་ཕྱིས་སུ་ངོར་བལྟས་ནས་སྒོར༥༤༠༠བྱིན་ནས་རྒྱས་ཟ་རྒྱས་འཐུང་བྱས་ཡོད་པ་རེད། ཟ་མར་མི་གསོས་ཉ་ཁྱེའུ་ཟོས་པ་དང་གསར་འགོད་པས་ཁོ་རང་ཚོའི་མགོ་ཁྲིད་ཀྱི་ངན་མཚང་བརྟོལ་བས། “གསོལ་ཚིགས་ཁང་གི་མགོ་ཁྲིད་དང་བདེ་སྲུང་བས་གསར་འགོད་པར་གཅར་རྡུང་བྱས་པ་རེད། དེ་དང་མཉམ་དུ་གསར་འགོད་པའི་བརྙན་ལེན་འཕྲུལ་ཆས་བཙན་འཕྲོག་བྱས། མི་གཞན་ཞིག་གིས་གསར་འགོད་པའི་ལག་ཁྱེར་ཁ་པར་ཡང་འཕྲོག་པ་རེད”དོན་རྐྱེན་བྱུང་རྗེས། གསར་འགོད་པས་ཉེན་རྟོག་ཁང་ལ་རོགས་རམ་བྱེད་དགོས་པའི་རེ་འབོད་བརྒྱབ། ཧྲིན་ཀྲིན་གྲོང་ཁྱེར་གྱི་ཉེན་རྟོག་ཁང་ཏུང་ཧྲིན་མངགས་གཏོང་ཁང་གི་མི་དམངས་སྤྱི་བདེ་མི་སྣས་ནག་ཉེས་བཟོ་མཁན་ལ་རོགས་རམ་བགྱིས་ནས་འགྲོ་རུ་བཅུག་པ་དང༌། གསར་འགོད་པ་མངགས་གཏོང་ཁང་དུ་ཁྲིད་དེ་ཟིན་ཐོ་འགོད་དུ་བཅུག གསར་འགོད་པས་ལྟ་ཞིབ་བརྙན་མིག་གིས་བརྙན་ལེན་བྱས་པ་བདེན་དཔང་དུ་འདོན་དགོས་པའི་རེ་བ་ཞུས་ཀྱང༌། མི་དམངས་ཉེན་རྟོག་པས་བཀག་འགོག་བྱས་ཡོད།
སྤྱི་ཚེས༢༦ཉིན་ཧྲིན་ཀྲིན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་དོན་རྐྱེན་འདི་བརྒྱུད་སྒྲོག་ཤུགས་ཆེན་བྱས། “ ཟླ༡ཚེས༢༡ཉིན་གྱི་དགུང་མོར།སྤྱི་བདེ་ཅུའུ་ཡི་ལས་འཁྱུད་ངལ་གསོ་བྱས་པའི་མི་སྣ་བང་ཡུན་ཧང་གསོལ་ཚིགས་ཁང་དུ་གནས་ལེན་བྱ་སྐབས། ལྷོ་ཕྱོགས་ཚགས་པར་གྱི་གསར་འགོད་པ་གསུམ་གྱིས་གནས་ཚུལ་འདི་བརྙན་སྒྲོན་བྱས་པས། ཕན་ཚུན་བར་དུ་དོན་རྐྱེན་འདི་བྱུང་བ་རེད། དོན་རྐྱེན་བྱུང་རྗེས་ཀྱི་དགུང་མོ་དེར། གྲོང་ཁྱེར་ཉེན་རྟོག་ཅུའུ་ཡིས་མྱུར་དུ་རྩ་འཛུགས་བྱས་ནས་དོན་རྐྱེན་འདི་ལ་ཁྱོན་ཡོངས་ནས་རྟོག་དཔྱོད་ནན་མོ་བྱས། མིག་སྔར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་དོན་རྐྱེན་འདི་དང་འབྲེལ་བ་ཡོད་པའི་མི༡༤ཡི་བྱ་བའི་ལས་མཚམས་འཇོག་ཏུ་བཅུག་ཡོད་ལ། རྩ་འཛུགས་ཀྱིས་ཞིབ་དཔྱོད་བྱེད་བཞིན་པའི་སྒང་ཡིན། ཉེས་དོན་བཟོས་པའི་ཏུང་ཧྲིན་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་བང་ཡན་ཕིང་གི་ཉེས་དོན་ལ་རྩ་འཛུགས་རྟོག་དཔྱོད་བྱས། དོན་རྐྱེན་ཞིབ་དཔྱོད་བྱ་བ་མཇུག་སྒྲིལ་རྗེས། སྤྱི་བདེ་ཅུའུ་ཡིས་འདིའི་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་རེད”འོན་ཀྱང་གསར་འགོད་པར་གཅར་རྡུང་བྱས་པའི་མི་དམངས་སྤྱི་བདེ་མི་སྣའི་བྱེ་བྲག་གི་གནས་ཚུལ་མཚམས་སྦྱོར་དང་གསལ་བཤད་ཅི་ཡང་བྱས་མེད།
“གྱོད་དོན་འདིའི་ཁྲོད། མི་དམངས་སྤྱི་བདེ་མི་སྣའི་གྲས་སུ་གནད་དོན་ག་འདྲ་ཡོད་པ” དང༌། “མི་དམངས་སྤྱི་བདེ་མི་སྣས་ཉེས་དོན་བཟོ་མཁན་ལ་རོགས་རམ་བྱས་ན་འགྲོ་རུ་བཅུག་པ་ཡིན་མིན” “སྐབས་དེར་གསར་འགོད་པ་དང་དོན་རྐྱེན་བཟོ་མཁན་གྱི་མི་སྣ་གཉིས་ཀ་མངགས་གཏོང་ཁང་དུ་ཅིའི་ཕྱིར་མ་ཁྲིད་པ་ཡིན་པ”སོགས་གོང་དུ་བརྗོད་པའི་གནད་དོན་ལ་ཧྲིན་ཀྲིན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་ཡིས་གནས་ཚུལ་ཁྱབ་སྒྲོག་ཁྲོད་ཁ་ལན་གཙང་མ་ཞིག་ཡེ་ནས་བཏབ་མེད་པ་རེད།(རྩོམ་འགན་པ། ལྷ་དབང)