ལོ་འཁོར་མོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་201ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་240ཐག་གཅོད་བྱས་པ་དེའི་ནང་ནས་མི་138ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད།
མང་ཚོགས་ཀྱིས་ཐེར་འདོན་བྱེད་པའི་གྱོད་གཞི་ཁག་1494བདག་སྤྲོད་བྱས་པ་དང་། གྱོད་གཞི329གྱོད་དོན་ཐོ་འགོད་བྱས་པ། མི་364ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ། མི་12ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་སོགས་ཚེས་27ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་2014ལོའི་ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་རེད།
བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཝང་ཀང་གིས་ན་ནིང་བོད་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་རུལ་སུངས་བར་ཉེས་ཆད་དྲག་པོ་བཅད་པས“སྤྱོད་ཚུལ་བཞི”ཡི་གནད་དོན་དང་རུལ་སུངས་མཆེད་པའི་རྣམ་པ་བཀག་འགོག་ངེས་ཅན་ཐུབ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2014ལོར་བོད་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གྱོད་གཞི་བདག་སྤྲོད་བྱས་པའི་(ཐེངས་གྲངས)131.7%འཕར་བ་དང་། གནད་དོན་གྱི་ཁུངས་སྣེ་655ལ་ཐོག་མའི་ཞིབ་བཤེར་བྱས་པ་དེ་105.3%འཕར་བ། གྱོད་གཞི་329གྱོད་དོན་ཐོ་འགོད་བྱས་པ་དེ་161.1%འཕར་བ། གྱོད་གཞི་283གྱོད་ཐག་བཅད་པ་དེ་79.1%འཕར་བ། མི་364ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་དེ་65.8%འཕར་བ་བཅས་རེད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་2014ལོར་བོད་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཞི་ཁྱོན་ཆེ་བའི་མངོན་བཤེར་ལྐོག་ཞིབ་བྱས་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་དང་། ལག་རྟགས་སྤྲོད་པ། ཡུལ་སྐོར་དུ་སྐྱོད་པ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཤིང་། ལོ་འཁོར་མོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་201ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་240ཐག་གཅོད་བྱས་པ་དེའི་ནང་ནས་མི་138ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་ཡོད། དེ་དང་དུས་མཚུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ད་དུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་གཞི་63བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་པ་རེད།
རུལ་སུངས་ལ་ཆད་པ་གཅོད་པའི་ཐད་བོད་ཀྱིས་རུལ་སུངས་ལ་ཆད་པ་གཅོད་རྒྱུར“བཀག་སྡོམ་ཁུལ”མེད་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་ཡོད་ཕྱིན་ངེས་པར་དུ་ཆད་པ་ནན་པོ་གཅོད་པ་དང་ལྐོག་ཟ་བྱས་ཕྱིན་རྡུང་རྡེག་ཚ་ནན་བཏང་ཞིང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་དེ་སྔའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཧོང་ཡུས་ཐེན་གྱི་སྒྲིག་འགལ་གྱི་གྱོད་གཞི་ཚབས་ཆེན་དང་། རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་དེ་སྔའི་སྐོར་གཟིགས་པ་གཞོན་པ་ཀྲུའུ་ཐའེ་ཀྲུང་གི་སྒྲིག་འགལ་གྱི་གྱོད་གཞི་ཚབས་ཆེན། བོད་རང་སྐྱོང་ལྗོངས་ཚྭ་ལས་སྤྱི་ཁྱབ་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཁྲེང་རུན་ཧྲེ་ཡི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་བཅས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། གྲོང་གསེབ་ཀྱི་ལས་བྱེད་པའི་སྒྲིག་འགལ་གྱི་གནད་དོན་གོང་ཞུ་བྱས་པར་གཅིག་སྡུད་ཐོག་བསྐྱར་ཞིབ་བྱས་ནས་མི་52ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་རེད།
གཞན་ཡང་། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཡང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལོ་གཅིག་རིང་རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྔ་རྗེས་སུ“གཞུང་གྲོན་གསུམ”དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ནས་སྒྲིག་འགལ་དངུལ་སྒོར་ཁྲི་6043འདེད་ལེན་བྱས་པ་དང་། དམངས་ཕན་མ་དངུལ་ལྐོག་ཟ་དང་། གཡོ་ལེན། སྒེར་སྤྱོད་སོགས་སྒྲིག་འགལ་གྱི་གནད་དོན་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་ཏེ་མི་8ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ། གཞུང་འཁོར་སྒེར་སྤྱོད་ཀྱི་བྱེད་སྤྱོད་ཁག་295བཅོས་སྒྲིག་བྱས་པ། གྲངས་ཚད་དང་ཚད་གཞི་ལས་བརྒལ་བའི་རླངས་འཁོར་18བསྡུས་པ་བཅས་རེད།
ཝང་ཀང་གིས་འདི་ལོ་བོད་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་སྒྱུར་བཅོས་འཐུས་ཚང་དུ་གཏོང་བ་དང་། ཉེན་ཟོན་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། མངགས་སྡོད་ལྟ་སྐུལ་དང་། སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བཅས་བྱས་ཏེ་རུལ་སུངས་ཀྱི་སྣང་ཚུལ་མཆེད་པའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།(རྩོམ་འགན་པ། རྟ་མགྲིན)