ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་འཚམ་འདྲིར་ཕེབས་པ་ནི་སྤུན་ཟླའི་ཁྱིམ་དུ་ཕེབས་པ་དང་མཚུངས་ཟེར།

2015-04-21 ཀླུ་འབུམ།

ཚེས ༡༩ ཉིན། ཞིས་ཅིན་ཕིང་ཕ་ཁི་སི་ཐན་དུ་རྒྱལ་དོན་འཚམ་འདྲིར་མ་ཕེབས་གོང་ཕ་ཁི་སི་ཐན་གྱི་《འཐབ་འཁྲུག་ཚགས་པར》དང《ཉིན་རེའི་གསར་འགྱུར་ཚགས་པར》དུ་ཁ་བྱང་ལ《ཀྲུང་ཕའི་མཛའ་བརྩེ་ཁྲི་ལོ་བརྟན》ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ།

རྩོམ་ཡིག་ཁྲོད་དུ་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱི་བརྩེ་བ་དང་མཛའ་བརྩེ། མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་ཕུགས་འདུན་གླེང་ཡོད། དེ་མིན་རྩོམ་ཡིག་ཁྲོད་འཕེལ་རྒྱས་འཐབ་ཇུས་དང་དཔལ་འབྱོར་ཉོ་ཚོང་འཐབ་ཇུས། བདེ་འཇགས་ཐུགས་ཁུར། རིག་གནས་འབྲེལ་འདྲིས། ཕྱི་འབྲེལ་འཐབ་ཇུས་སོགས་ཕྱོགས་ལྔས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཉམ་ལས་རེ་འདུན་དང་འཕེལ་ཕྱོགས་བརྗོད་ཡོད། རྩོམ་ཡིག་ལས་ཀྲུང་ཕའི་ཉོ་ཚོང་འབྲེལ་བ་བརྗོད་སྐབས། ཕྱོགས་གཉིས་ཀས་ཀྲུང་ཕའི་དཔལ་འབྱོར་འབྲེལ་ལམ་འཛུགས་རྒྱུ་ལྟེ་བ་དང་། ཀ་ཏར་གྲུ་ཁ་དང་ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་མཉམ་འབྲེལ་གཙོ་གནད་བཞི་རུ་བཟུང་སྟེ"1+4"ཡི་མཉམ་ལས་རྣམ་པ་ཆགས་པར་བྱ། ཕ་ཁི་སི་ཐན་གྱི་ས་གནས་སོ་སོའི་འཕེལ་རྒྱས་ལ་སྣེ་ཁྲིད་མཛད་དེ་ཕ་ཁི་སི་ཐན་གྱི་མི་དམངས་ལ་ཕན་པ་སྐྲུན་དགོས་ཞེས་བསྟན་ཡོད།

ཟླ ༤ ཚེས ༢༠ ཉིན་ཞིས་ཅིན་ཕིང་དངོས་སུ་ཕ་ཁི་སི་ཐན་དུ་རྒྱལ་དོན་འཚམ་འདྲིར་ཕེབས། འདི་ནི་ཞིས་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བྱས་ནས་ཐེངས་དང་པོར་ཕ་ཁི་སི་ཐན་དུ་འཚམ་འདྲིར་ཕེབས་པ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྲུའུ་ཞིས་ལོ་དགུའི་རྗེས་སུ་སླར་ཡང་ཕ་ཁི་སི་ཐན་དུ་རྒྱལ་དོན་འཚམ་འདྲིར་ཕེབས་པ་ཡང་རེད། ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་མ་ཕེབས་གོང་སྤེལ་བའི་རྩོམ་དེར་ཟབ་མོའི་དོན་སྙིང་ཅི་ཞིག་ཡོད་དམ། རྩོམ་དེས་ཀྲུང་ཕའི་མཉམ་ལས་ལ་བརྡ་གང་དག་བསྟན་ཡོད་དམ།


སྤུན་ཟླའི་ཁྱིམ་དུ་ཕེབས་པ་དང་མཚུངས་བ།

ཞིས་ཅིན་ཕིང་གིས་རྩོམ་ཡིག་ཁྲོད་ཕ་ཁི་སི་ཐན་ནི་སེམས་ཁོང་གི"གྲོགས་པོ་བཟང་བོ་ཞིག་ཡིན"ཞེས་བསྟོད་ཡོད། ད་རུང"བདག་ཆུང་དུས་སུ་རྟག་ཏུ་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་བརྩེ་ཡི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་ཐོས་མྱོང་ཡོད། དཔེར་ན་ལས་ལ་བརྩོན་པའི་ཕ་ཁི་སི་ཐན་མི་དམངས་ཀྱིས་ལག་ཟུང་ལ་བརྟེན་ནས་རང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པ་དང་། ཕ་ཁི་སི་ཐན་གྱིས་ཀྲུང་གོར་འཛམ་གླིང་ལ་འབྲེལ་བ་བྱེད་པའི་བར་སྣང་གི་བརྒྱུད་ལམ་མཁོ་འདོན་བྱས་པ། ཀྲུང་གོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ་སོགས་ཤིན་ཏུ་མང་། གཏམ་རྒྱུད་འདི་དག་གིས་བདག་ལ་བག་ཆགས་ཟབ་མོ་བཞག་ཡོད"ཟེར། ཁོ་བོས་བདག་གིས་ཕ་ཁི་སི་ཐན་ལ་རྒྱལ་དོན་འཚམ་འདྲིར་བྱ་རྒྱུར་རེ་སྒུག་བྱས་ཡོད།"འདི་ནི་བདག་གིས་ཐེངས་དང་པོར་ཕ་ཁི་སི་ཐན་ལ་རྒྱལ་དོན་འཚམ་འདྲི་བྱས་པ་ཡིན། ཡིན་ཡང་ཚོར་བར་རང་གི་སྤུན་ཟླའི་ཁྱིམ་དུ་ཕེབས་པ་དང་མཚུངས"ཞེས་ཟེར།

༢༠༡༥ལོར་འཚམ་འདྲི་ཐོག་དང་པོ་ཉེ་འགྲམ་རྒྱལ་ཁབ་བདམས་པ་འདིས་ཞིས་ཅིན་ཕིང་གིས་ཐག་ཉེའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱ་བར་མཐོང་ཆེན་བྱེད་བཞིན་པ་མཐོང་ཐུབ། ཞིས་ཅིན་ཕིང་གིས་རྩོམ་ཡིག་ཁྲོད་དུ་ཀྲུང་ཕའི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་གཏིང་དུ་བརྟན་པོར་ཟུག་ཡོད་ཅེས་བརྗོད་ཡོད། དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རིམ་པ་དང་ཕྱོགས་སོ་སོའི་མི་སྣའི་གསོ་སྐྱོང་འོག་ཀྲུང་ཕའི་མཛའ་བརྩེ་ནི་སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་བཞིན་པའི་སྡོང་བོ་རྐང་གཅིག་དང་མཚུངས། རྩ་བ་བརྟན་ཅིང་འདབ་ལག་རྒྱས། རྒྱལ་སྤྱི་དང་ས་ཁུལ་རྣམ་པ་དང་རྒྱལ་ཁབ་གཉིས་པོའི་རྒྱལ་ནང་གནས་ཚུལ་ཇི་ལྟར་འགྱུར་རུང་། ཀྲུང་ཕའི་འབྲེལ་བ་རྟག་ཏུ་བདེ་ཐང་བརྟན་བརླིང་གིས་འཕེལ་རྒྱས་སུ་ཕྱོགས། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གང་གི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཤེས་རྟོགས། ཕན་ཚུན་རྒྱབ་སྐྱོར་བྱས། ཕ་ཁི་སི་ཐན་དུ་མི་རྣམས་ཀྱིས"རི་ལས་མཐོ། མཚོ་ལས་ཟབ། སྦྲང་རྩི་ལས་མངར"སོགས་སྙན་ངག་ལྟ་བུའི་ཚིག་སྙན་མོས་ཀྲུང་ཕའི་འབྲེལ་བར་བསྟོད་གླུ་འབུལ། ཀྲུང་གོ་རུ་མི་རྣམས་ཀྱིས་ཕ་ཁི་སི་ཐན་ནི"གཞུང་དྲང་བློས་ཐུབ་ཀྱི་གྲོགས་པོར"འབོད། ཀྲུང་ཕའི་འབྲེལ་བ་ཉིན་རེ་བཞིན་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སེམས་པའི་ཟབ་སར་སྟོབས་ཀྱིས་རྒྱས་ཡོད།

དུས་ཡུན་རིང་བོར་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་རུ་ཕྱོགས་གཉིས་ཀར་ཕན་པའི་ཡོངས་ཁྱབ་མཉམ་ལས་འབྲེལ་བ་སྤེལ་ཡོད། ཐོབ་འབྲས་གཡུར་དུ་ཟ་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཡོད་ཀྱི་ཕན་ཁེ་མང་པོ་སྐྲུན་ཡོད། མིག་སྔར། རྒྱལ་ཁབ་གཉིས་པོས་གོམ་པ་བརྟན་པོས་ཀྲུང་ཕའི་དཔལ་འབྱོར་བརྒྱུད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཅིང་། ཀྲུང་ཕའི་ཐུན་མོང་གི་ལས་དབང་འཛུགས་པར་འབད། ཀྲུང་ཕ་མཉམ་ལས་ཀྱི་མགོ་ཚུགས་ས་དང་གཞི་འཛུགས་ས་ནི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་མཉམ་འདྲེས་ཇེ་ཟབ་དང་། མཉམ་དུ་འཕེལ་རྒྱས་ལ་གྲོས་བྱེད་པ། ཕྱོགས་གཉིས་ཀའི་མི་དམངས་ལ་ཕན་བདེ་མང་པོ་སྐྲུན་པ། རྒྱ་ཆེ་ཞིང་ཡིད་དུ་འོང་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཟོ་རྒྱུ་དེ་ཡིན།

རང་རྒྱལ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་བསྟན་རྒྱུར། འདི་ནི་ངེས་བར་ལོ་རྒྱུས་དེབ་ཐེར་དུ་འགོད་པའི་གལ་ཆེའི་འཚམ་འདྲི་ཞིག་ཡིན་སྲིད། ཐེངས་འདིའི་འཚམ་འདྲི་ལས་གོམ་གང་མདུན་སྤོས་ཀྱིས་ཀྲུང་ཕའི་མཛའ་བརྩེ་ཇེ་བརྟན་དང་མཉམ་ལས་འབྲེལ་བ་ཇེ་ཟབ། ཀྲུང་ཕའི་ཐུན་མོང་གི་ལས་དབང་ནི་ཀྲུང་གོ་དང་ཉེ་འགྲམ་རྒྱལ་ཁབ་བར་ཐུན་མོང་ལས་དབང་འཛུགས་པའི་མིག་དཔེར་འགྱུར་བར་ཡིད་ཆེས་ཡོད་ཟེར།


ཀྲུང་གོ་ནི་ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ཆུང་ངུ་ཡོངས་ལ་དགའ་སྤྲོ་སྐྱེས།

ཞིས་ཅིན་ཕིང་གིས་རྩོམ་ཡིག་ཁྲོད་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བསྒྱུར་ལ་ཤུགས་བཏོན་པ་དང་། དུས་མཚུངས་མཐའ་གཅིག་ཏུ་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་པར་རྒོལ་རྡུང་བྱེད་པས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོབ། གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་བོ་ཡིན་པའི་ཐད་ནས། ཀྲུང་གོ་ནི་ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ཆུང་ངུ་དང་གྲུབ་འབྲས་སོ་སོར་སེམས་གཏིང་ནས་དགའ་སྤྲོ་སྐྱེས། ཕ་ཁི་སི་ཐན་མི་དམངས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་བྱས་ན་རྒྱལ་ཁབ་རང་དང་འཚམ་པའི་འཕེལ་རྒྱས་ལམ་བུ་ཞིག་རྙེད་ཐུབ་ལ། རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཏེ"ཡ་གླིང་སྟག"གི་ཕུགས་མདུན་སྔ་མོར་མངོན་འགྱུར་ཐུབ་པར་ང་རང་ཡིད་ཆེས་ཡོད་ཟེར།

ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཆེད་དུ་ཤུགས་འདོན་བཞིན་ཡོད། ཀྲུང་གོའི་ཕུགས་མདུན་ནི་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་ཕན་གྱི་ཕུགས་མདུན་ཡིན། ང་ཚོས་ཀྲུང་གོ་མི་དམངས་ཀྱི་ཕན་བདེ་འཚོལ་གྱིན་ཡོད་ལ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཕན་བདེ་ཡང་འཚོལ་བཞིན་ཡོད། ཀྲུང་གོ་ནི་ཕ་ཁི་སི་ཐན་ཚུད་པའི་ཡ་གླིང་ལྷོ་མའི་རྒྱལ་ཁབ་སོ་སོ་དང་འཆམ་མཐུན་གྱིས་གནས་འདོད། ཡ་གླིང་ལྷོ་མའི་འཕེལ་རྒྱས་ལ་རང་ནུས་རོགས་རམ་བྱ་འདོད་ཅེས་བསྟན། ཀྲུང་གོས་དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་དུས་རབས ༢༡ པའི་མཚོ་ཐོག་དར་གོས་ཚོང་ལམ་གྱི་གྲོས་གཞི་འདོན་དོན་ནི་ལམ་རྒྱུད་རྒྱལ་ཁབ་མཉམ་འབྲེལ་མཉམ་བརྒྱུད་ལ་ཤུགས་བསྣན་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་གྱི་ཆེད་ཡིན་པ་བརྗོད་ཡོད།

རྩོམ་ཡིག་ཁྲོད་ད་རུང་ཐེངས་འདིའི་འཚམ་འདྲིའི་བཀོད་སྒྲིག་ཀྱང་བརྗོད་ཡོད་དེ། ཞིས་ཅིན་ཕིང་གིས་ཐེངས་འདིའི་ཕ་ཁི་སི་ཐན་གྱི་རྒྱལ་དོན་འཚམ་འདྲི་ནི་ཁོང་གི་ལོ་འདིའི་ཕྱི་ཕྱོགས་རྒྱལ་དོན་འཚམ་འདྲི་དང་པོ་ཡིན་པ་དང་། འཚམ་འདྲི་སྐབས་སུ་བདག་གིས་སྲིད་འཛིན་ཧུའུ་སེ་ཡུན་དང་ཙུང་ལི་ཞེ་ལིས་ཧྥུ་སོགས་ཕ་ཁི་སི་ཐན་གྱི་མགོ་ཁྲིད་དང་མཇལ་འཕྲད་གནང་རྒྱུ་དང་། རྒྱ་ཆེན་པོས་ཕྱོགས་སོ་སོའི་མི་སྣ་རྣམས་དང་མཇལ་ཏེ་ཁོ་ཚོ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐུགས་ཁུར་བྱེད་པའི་གནད་དོན་ལ་བསམ་ཚུལ་བརྗེ་རེས་བྱ་རྒྱུ། བདག་གིས་ཐེངས་འདིའི་འཚམ་འདྲི་བརྒྱུད་ཕ་ཁི་སི་ཐན་གྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤྱི་བའི་སྒྲོམ་གཞི་གྲོས་འགོད་བྱ་རྒྱུ་དང་། ཀྲུང་ཕའི་དཔལ་འབྱོར་བརྒྱུད་ལམ་འཛུགས་སྐྲུན་དང་ཁྱབ་ཁོངས་སོ་སོ་དངོས་འབྲེལ་མཉམ་ལས་ཀྱིས་འཕེལ་རྒྱས་དངོས་སུ་བྱུང་བར་སྐུལ་འདེད་བྱས་ཏེ། ཀྲུང་ཕའི་འབྲེལ་བ་ནི་ཚད་མཐོན་པོས་འཕེལ་རྒྱས་སུ་ཕྱོགས་རྒྱུར་རེ་སྒུག་བྱས་ཡོད་ཅེས་བརྗོད་ཡོད།

འབྲེལ་ཡོད་རྩོམ་ཡིག