ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཟས་རིགས་བདེ་འཇགས་བཅའ་ཁྲིམས་དུ་སྔོ་ཚལ་སིལ་རིགས་ལ་ཞིང་སྨན་དུག་ཤེད་ཆེ་རིགས་བཀོལ་མི་ཆོག་པ་བྱ་འཆར་འདུག

2015-04-21 བདེ་སྐྱིད།

ཚེས༢༠ཉིན་ཏེ་དེ་རིང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་རྩོམ་ཞུས་ཐེངས་གསུམ་པ་ལས་བསྟན་དོན། རྒྱལ་ཁབ་ཀྱིས་དུག་དང་ཤུལ་ལུས་ཉུང་བའི་ཞིང་སྨན་ཕན་ནུས་ཆེན་པོ་ལྡན་པའི་རིགས་བཀོལ་སྤྱོད་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་གནང་རྒྱུ་དང་། ཞིང་སྨན་དུག་ཤེད་ཆེ་ཞིང་མང་བའི་རིགས་ཀྱི་ཚབ་སྤྱོད་ཐོན་རྫས་ཀྱི་ཞིབ་འཇུག་དང་བཀོལ་སྤྱོད་ལ་སྐུལ་འདེད་བྱས་ཏེ། ཞིང་སྨན་དུག་ཤེད་ཆེ་ཞིང་མང་བའི་རིགས་ཕྱིར་འབུད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་ལ། དུག་ཤེད་ཆེ་ཞིང་མང་བའི་ཞིང་སྨན་གྱི་རིགས་སྔོ་ཚལ་དང་སིལ་རིགས། ཇ་ལོ། ཀྲུང་སྨན་གྱི་སྔོ་སྨན་སོགས་ཀྱི་འདེབས་འཛུགས་སུ་བཀོལ་མི་ཆོག

ལུས་ཁམས་བདེ་སྲུང་ཟས་རིགས་ཐད་ཀྱི་རྙོག་འཛིང་གི་རྣམ་པ་བཙོག་པོའི་གནད་དོན་ལ་དམིགས་ནས། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་རྩོམ་ཞུས་ཐེངས་གསུམ་པ་ལས། ལུས་ཁམས་བདེ་སྲུང་སྐོར་གྱི་ཟས་རིགས་ཀྱིས་མ་རྒྱུའི་ཐོ་ཡིག་གསལ་ཐག་གཅོད་དགོས་ཤིང་། དེར་སོ་སོའི་མིང་དང་བཀོལ་ཚད་ལས་གཞན་ད་རུང་རྒྱུ་ཆ་རེ་རེའི་ཕན་ནུས་ཡང་གསལ་བོར་འགོད་དགོས། ལུས་ཁམས་བདེ་སྲུང་གི་ཟས་རིགས་ཀྱི་མིང་རྟགས་དང་གསལ་བཤད་ཡི་གེའི་ནང་དོན་དེ་ཐོ་འགོད་བྱས་པའི་ཡིག་ཚགས་ཀྱི་ནང་དོན་གཅིག་པ་གཅིག་རྐྱང་ཡིན་དགོས། ད་མིན"འདི་ཉིད་ཀྱིས་སྨན་རྫས་ཀྱི་ཚབ་བྱེད་མི་རུང"ཞེས་གསལ་བོར་འགོད་དགོས།

བརྡ་ཁྱབ་བཅའ་ཁྲིམས་ཀྱི་རྩོམ་ཞུས་གསུམ་པ་རུ་ལུས་ཁམས་བདེ་ཐང་དང་བདེ་སྲུང་སྐོར་གྱི་ལེ་ཚན་སྐོར་གཏན་འབེབས་འདི་ལྟར་ཡོད་དེ། རླུང་འཕྲིན་དང་བརྙན་འཕྲིན་ཁང་སོགས་ཀྱིས་ལུས་ཕུང་བདེ་ཐང་དང་ལུས་ཁམས་བདེ་སྲུང་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱེད་པ་དང་བསྟུན་ནས། རྣམ་པ་འདྲ་མིན་གྱིས་སྨན་བཅོས་སྒྲིག་ཆས་དང་སྨན་རྫས། ལུས་ཁམས་གསོ་ཐབས། ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་བརྡ་ཁྱབ་སྤེལ་མི་ཆོག་ཞེས་བསྟན།


བྱིས་པའི་འོ་ཕྱེ་ཡི་རིགས་ཐུམ་ཆུང་བརྒྱབ་ནས་ཐོན་སྐྱེད་བྱས་མི་ཆོག

ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལ་ན་ནིང་ནས་བཟོ་བཅོས་ཆེན་པོ་རྒྱག་པའི་འགོ་བརྩམས་པ་ཡིན་ལ། དེ་རིང་ནས་བཟུང་འཚོགས་འགོ་ཚུགས་པའི་རྒྱལ་ཡོངས་དམངས་ཆེན་ཨུ་ལྷན་གྲོས་ཚོགས་ཐེངས་བཅུ་བཞི་བའི་སྟེང་དེའི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་པ་གནང་གིན་འདུགགསར་འགོད་པས་ཤེས་གསལ་ལྟར་ན། རྩོམ་ཞུས་ཐེངས་གཉིས་པ་དང་བསྡུར་ན། རྩོམ་ཞུས་ཐེངས་གསུམ་པས་རྩོད་གཞི་ཆེ་བའི་གནད་དོན་གཙོ་བོ་འགའ་ལ་བཟོ་བཅོས་བྱས་འདུག་ལ། གལ་ཏེ་རྒྱུན་ཨུ་ལྷན་ཁང་གི་མི་མང་ཤས་ལ་འདིའི་ཐད་དུ་བསམ་འཆར་མེད་པ་ཡིན་ན། ཐེངས་འདིའི་གྲོས་ཚོགས་སུ་འཆར་ཟིན་འདིར་གྲོས་འཆམ་བྱུང་ངེས་པ་དང་། ཟས་རིགས་བདེ་འཇགས་ཀྱི་བཅའ་ཁྲིམས་གསར་བར་ད་ནས་བཟུང་ལག་བསྟར་བྱ་ངེས་རེད།

སྔོ་ཚལ་སིལ་རིགས་དང་ཇ་ལོ། སྔོ་སྨན་སོགས་ཀྱི་འདེབས་འཛུགས་ཕྱོགས་སུ་དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་རིགས་བཀོལ་མི་ཆོག

རྩོད་གཞིར་གྱུར་བའི་གནད་དོན་གཅིག་ནི། དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་དེའི་རིགས་མུ་མཐུད་དུ་བཀོལ་སྤྱོད་བྱས་ཆོག་མིན་དེ་ཡིན། ན་ནིང་གི་ཟླ༡༢བའི་གྲོས་ཞིབ་ཐེངས་གཉིས་པའི་སྐབས་སུ། རྒྱུན་ཨུ་ལྷན་ཁང་གི་ཁོངས་མི་ཁ་ཤས་ཀྱིས "དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་ཀྱི་རིགས་ཁྱོན་ཡོངས་ནས་མེད་པར་གཏོང་དགོས་པའི"སྐོར་བཅའ་ཁྲིམས་དུ་བཀོད་ན་བཟང་བའི་བསམ་ཚུལ་བཏོན་པ་རེད། ཡིན་ཡང་ཐེངས་གསུམ་པའི་རྩོམ་ཞུས་འདིར་བསམ་འཆར་དེ་དང་ལེན་བྱས་མི་འདུག

ཞིང་ལས་པུའུ་ཡིས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་བའི་གསལ་བཤད་ལས། མིག་སྔར་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་དང་འབྲུ་རིགས་བདེ་འཇགས་ཀྱི་གནས་བབ་ལ་མཚོན་ནས་བཤད་ན། དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་དེའི་རིགས་ཁྱོན་ཡོངས་ནས་གཏན་འགོས་བྱས་ན་འོས་འཚམ་ཞིག་མིན་པ་དང་། ཡང་དུག་འདུས་ཚད་མཐོ་བའི་ཞིང་སྨན་ཁ་ཤས་ཞུ་མགྱོགས་པ་དང་ཤུལ་ལུས་ཡང་ཉུང་སྟབས། འབྲེལ་ཡོད་སྒྲིག་སྲོལ་ལྟར་གཟབ་ནན་གྱིས་བཀོལ་སྤྱོད་བྱས་ན། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་བདེ་འཇགས་ལ་གནོད་སྐྱོན་ཆེན་པོ་མེད་པ་རེད། རྒྱལ་སྤྱིའི་སྟེང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྱང་ཞིང་སྨན་དེའི་རིགས་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱས་མི་འདུག

རྩོམ་ཞུས་ཐེངས་གསུམ་པ་འདི་ལས་དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་དེའི་རིགས་ལ་ཚད་བཀག་སྔར་ལས་ལྷག་པ་བྱས་འདུག་པ་ནི། སྔོ་ཚལ་སིལ་རིགས་དང་ཇ་ལོ། སྔོ་སྨན་སོགས་ཀྱི་འདེབས་འཛུགས་ཕྱོགས་སུ་དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་རིགས་བཀོལ་མི་ཆོག་ལ། དེའི་རྨང་གཞིའི་སྟེང་། རྒྱལ་ཁབ་ཀྱིས་དུག་དང་ཤུལ་ལུས་ཉུང་བའི་ཞིང་སྨན་ཕན་ནུས་ཆེན་པོ་ལྡན་པའི་རིགས་བཀོལ་སྤྱོད་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་གནང་རྒྱུ་དང་། ཞིང་སྨན་དུག་ཤེད་ཆེ་ཞིང་མང་བའི་རིགས་ཀྱི་ཚབ་སྤྱོད་ཐོན་རྫས་ཀྱི་ཞིབ་འཇུག་དང་བཀོལ་སྤྱོད་ལ་སྐུལ་འདེད་བྱས་ཏེ། དུག་ཤེད་ཆེ་བ་དང་དུག་འདུས་ཚད་མཐོ་བའི་ཞིང་སྨན་རིགས་ཕྱིར་འབུད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས


བྱིས་པའི་འོ་ཕྱེ་རིགས་མངག་བཅོལ་དང་རྟགས་སྦྱོར་ཐོན་སྐྱེད་བྱས་ཆོག་ཡང་། ཐུམ་ཆུང་རྒྱག་པའི་ཐོན་སྐྱེད་བྱས་མི་ཆོག

ཐེངས་སྔོན་མའི་གྲོས་ཞིབ་ཀྱི་སྐབས་སུ་ཟས་རིགས་བདེ་འཇགས་བཅའ་ཁྲིམས་སུ། བྱིས་པའི་འོ་ཕྱེ་ཀྱི་རིགས་གཞན་ལ་མངག་བཅོལ་བྱེད་པ་དང་རྟགས་སྦྱོར་བ། ཐུམ་ཆུང་རྒྱག་པ་སོགས་བྱས་ནས་ཐོན་སྐྱེད་བྱས་མི་ཆོག་ཞེས་བཀོལ་ཡོད་ཀྱང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཚོང་དོན་པུའུ། བཟོ་ལས་དང་བརྡ་འཕྲིན་ཅན་གྱི་པུའུ། ཕྱི་གླིང་བའི་རང་རྒྱལ་གྱི་ཚོང་ལས་ཚོགས་པ་སོགས་ཀྱི་མི་མང་པོས་བསམ་ཅཆར་བཏོན་ནས། མངག་བཅོལ་དང་རྟགས་སྦྱོར་བའི་ཐོན་སྐྱེད་བྱེད་སྟངས་དེ་ནི་རྒྱལ་སྤྱིའི་རྣམ་པ་ཞིག་ཡིན་པས། མཐའ་གཅིག་ཏུ་བཀག་འགོག་བྱས་ན་མི་འགྲིག་པ་དང་། ནང་འདྲེན་བྱས་པའི་འོ་ཕྱེའི་ཁེ་ལས་ལ་མཚོན་ནའང་མཉམ་འབྲེལ་གྱི་རྣམ་པས་དེ་ལས་གཡོལ་ཐབས་བྱ་སླ་མོ་རེད།

དེའི་སྟབས་ཀྱིས་ཁྲིམས་ལུགས་ཨུ་ཡོུན་ལྷན་ཁང་གིས་གྲོས་བསྡུར་ཞིབ་འཇུག་བྱས་པ་བརྒྱུད། རྩོམ་ཞུས་གསུམ་པའི་ཁྲོད་ཀྱི་མངག་བཅོལ་དང་རྟགས་སྦྱོར་བའི་ཐོན་སྐྱེད་རྣམ་པར་བཀག་འགོག་བྱེད་པ་ཞེས་པའི་དུམ་ཚན་དེ་དོར་ནས། ཐུམ་ཆུང་རྒྱག་པའི་ཐོན་སྐྱེད་བྱེད་སྟངས་ལ་བཀག་འགོག་བྱེད་པ་དེ་བསྐྱུར་བཞག་པ་རེད།


ཟས་སུ་སྤྱོད་པའི་ཞིང་ལས་ཐོན་རྫས་ཀྱི་སྦྱོར་རྟ་ངེས་པར་དུ་ཚད་ལྡན་ཡིན་དགོས།

ཚོང་ཁང་ཆེན་པོར་བཙོང་བཞིན་པའི་ཟས་རིགས་ནི། ཟས་རིགས་དེའི་བཟོ་གྲྭར་ཐོན་སྐྱེད་ཀྱི་ཆོག་མཆན་ཡི་གེ་ཐོབ་ནས་ད་གཟོད་ཟས་རིགས་དེ་དག་ཐོན་སྐྱེད་བྱས་པ་ཞིག་ཡིན་མོད། སྔོ་ཚལ་ཚོང་རར་མཚོན་ན་དེའི་བཙོང་བཞིན་པའི་ཞིང་ལས་ཐོན་རྫས་ནི"ཟས་སྤྱོད་ཞིང་ལས་ཐོན་རྫས"ཀྱི་ཁྱབ་ཁོངས་ཡིན་པས། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། དེའི་རིགས་ཐོན་སྐྱེད་བྱེད་མཁན་གྱིས་སྔོན་ལ་ཆོག་མཆན་ཡི་གེ་ལེན་དགོས་པ་མ་རེད།

རྩོམ་ཞུས་ཐེངས་གསུམ་པས་གཞི་རྩ་འདི་གསལ་བོ་བྱེད་པའི་རྨང་གཞིའི་སྟེང་། གཏན་འཁེལ་གསར་པ་ཁར་བསྣན་འདུགཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་སྡེབ་འཚོང་ཚོང་རར་ངེས་པར་བརྟག་དཔྱད་སྒྲིག་ཆས་དང་བརྟག་དཔྱད་བྱེད་མཁན་གྱི་མི་སྣ་འཛོམས་དགོས་པའམ། ཡང་ན་ཟས་རིགས་བརྟག་དཔྱད་ལས་ཁུངས་ལ་མངག་བཅོལ་བརྟག་དཔྱད་བྱ་དགོས། ཚོང་རའི་ནང་ཁྱེར་ཡོང་ནས་བཙོང་རྒྱུའི་ཟས་སྤྱོད་ཞིང་ལས་ཐོན་རྫས་ལ་འཐེན་བཤེར་བྱེད་པ་དང་། བཙོང་མཁན་གྱི་ཚོང་རྫས་ནང་འདྲེན་གྱི་བརྟག་དཔྱད་ཟིན་འགོད་ལམ་ལུགས་འཛུགས་དགོས།

དེ་མིན་ནང་འདྲེན་བྱས་པའི་བཙོང་བྱའི་ཟས་སྤྱོད་ཞིང་ལས་ཐོན་རྫས་ཀྱི་ནང་ལ། གལ་ཏེ་རྣམ་པ་སྲུང་འཛིན་གྱི་སྨན་དང་རུལ་འགོག་སྨན་རྫས་སོགས་ཟས་རིགས་ཀྱི་སྦྱོར་རྟ་འདྲ་མིན་དང་ཐུམ་ཤུབ་སོགས་བཀོལ་སྤྱོད་བྱེད་པ་ཡིན་ན། ཚང་མ་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་དགོས།


དམིགས་བསལ་ཀྱི་སྨན་བཅོས་སུ་སྤྱོད་པའི་ཟས་རིགས་ཀྱི་སྡེབ་ཁའང་ལྟ་རྟོག་གི་ཁོངས་སུ་ཚུད།

དམིགས་བསལ་གྱི་སྨན་བཅོས་སུ་སྤྱོད་པའི་ཟས་རིགས་ཀྱི་སྡེབ་ཁ་ནི་ནད་པ་དམིགས་བསལ་པ་ཁག་གི་ཆེད་སྤྱོད་ཟས་རིགས་ཡིན་པ་དང་། སྔོན་ཆད་ཡིན་ན་འདིའི་ཐད་དུ་རང་རྒྱལ་གྱི་བཅའ་ཁྲིམས་སུ་གཏན་འབེབས་གང་ཡང་མེད་པར་སྟོང་ཆར་ལུས་ཡོད་པས། དེ་ཉིད་སྨན་རྫས་བལྟ་རྟོག་གི་ཁོངས་སུ་བསྡུས་ཡོད་པ་རེད། ༢༠༡༣ལོར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་ཟས་རིགས་འདིའི་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འབེབས་གནང་བ་དང་། དེ་ཉིད་ཟས་རིགས་ཀྱི་ཁོངས་སུ་བསྡུས། དེ་བས་ད་ཐེངས་དེའི་ཐད་ལ་ཆེད་དམིགས་ཀྱི་གཏན་འཁེལ་བཟོས་ནས་ཟས་རིགས་བདེ་འཇགས་བཅའ་ཁྲིམས་སུ་བཀོད།

རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་རྟོག་ཅུའུ་ཡིས། ཟས་རིགས་འདིའི་བདེ་འཇགས་ཀྱི་ཚད་གཞི་ཧ་ཅང་མཐོ་བས། ཐོ་འགོད་བལྟ་རྟོག་དོ་དམ་བྱས་ན་བཟང་བར་སྙམ་པ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་སྤྱིར་བཏང་གི་ཟས་རིགས་དང་གཅིག་མཚུངས་སུ་བལྟས་ན་བཟང་བར་འདོད། ཡང་རྩོམ་ཞུས་ཐེངས་གསུམ་པའི་སྐབས་སུ་བསམ་ཚུལ་སྔོན་མ་དེ་དང་ལེན་བྱས་ནས་ཆེད་དུ"དམིགས་བསལ་ཀྱི་སྨན་བཅོས་སུ་སྤྱོད་པའི་ཟས་རིགས་ཀྱི་སྡེབ་ཁ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་རྟོག་དོ་དམ་ལས་ཁུངས་སུ་ཐོ་འགོད་བྱ་དགོས"ཞེས་གཏན་འབེབས་གནང་།


ལུས་ཁམས་བདེ་སྲུང་སྐོར་གྱི་ཟས་རིགས་ཀྱིས་མ་རྒྱུའི་ཐོ་ཡིག་གམ་དཀར་ཆག་ལ་ཁ་སྣོན་གསར་པ་བྱས།

མིག་སྔའི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་ཁ་ཕྱོགས་ལྟར་ན། མ་འོངས་པར་ལུས་ཁམས་བདེ་སྲུང་གི་ཟས་རིགས་ཁག་ལ་རྗེས་སུ་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་མི་དགོས། རྒྱལ་ཁབ་ཀྱིས་ལུས་ཁམས་བདེ་སྲུང་ཟས་རིགས་ཀྱི་རྒྱུན་སྤྱོད་རྒྱུ་ཆར་ཡིག་ཚགས་བཟོས་ནས། བཀོལ་སྤྱོད་བྱས་པའི་ཟས་རིགས་མ་རྒྱུ་ཁག་དཀར་ཆག་གི་ཁོངས་སུ་འདུ་བའི་ལསུ་ཁམས་བདེ་སྲུང་ཟས་རིགས་སྐོར་ལ། ཡིག་ཚགས་བཟོས་ནས་ཚོང་རར་བཀྲམ་རྐྱང་ཡིན་པ་རེད། རྩོམ་ཞུས་ཐེངས་གསུམ་པས་ཁ་ཕྱོགས་འདིའི་རྨང་གཞིའི་སྟེང་ནས། ལས་རིམ་གྱི་བདེ་འཇགས་སྐོར་ཡང་ནན་བཤད་བྱས་འདུག

དཔེར་ན་རྩོམ་ཞུས་ཐེངས་གསུམ་པར། ལུས་ཁམས་བདེ་སྲུང་སྐོར་གྱི་ཟས་རིགས་ཀྱིས་མ་རྒྱུའི་སོ་སོའི་མིང་དང་བཀོལ་ཚད་གསལ་བོར་འགོད་དགོས་པ་དང་། གཞན་ད་རུང་རྒྱུ་ཆ་རེ་རེའི་ཕན་ནུས་ཡང་གསལ་བོར་འགོད་དགོས། ལུས་ཁམས་བདེ་སྲུང་གི་ཟས་རིགས་ཀྱི་མིང་རྟགས་དང་གསལ་བཤད་ཡི་གེའི་ནང་དོན་དེ་ཐོ་འགོད་བྱས་པའི་ཡིག་ཚགས་ཀྱི་ནང་དོན་གཅིག་པ་གཅིག་རྐྱང་ཡིན་དགོས། ད་མིན"འདི་ཉིད་ཀྱིས་སྨན་རྫས་ཀྱི་ཚབ་བྱེད་མི་རུང"ཞེས་གསལ་བོར་འགོད་དགོས། དེ་མིན། འབྲེལ་ཡོད་ལས་ཁུངས་སུ་ཐོ་འགོད་དང་ཡིག་ཚགས་དམ་ཉར་བྱེད་སྐབས། ཁེ་ལས་ཀྱི་ཚོང་ལས་གསང་བར་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་སྣོན་དགོས་ཚུལ་བསྟན།

དེ་མིན། བཅའ་ཁྲིམས་སུ་ཟས་རིགས་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་དང་། ཟས་རིགས་ཀྱི་ཚོང་སྟེགས་ཆུང་བའི་རིགས་ཀྱི་དོ་དམ། ཁེ་ལས་ནང་ཁུལ་གྱི་ཞུ་གཏུག་ཡར་ཞུ་མི་སྣའི་སྲུང་སྐྱོབ་དང་ཁྲིམས་ཀྱི་འགན་འཁུར་སོགས་ཀྱི་གཏན་འཁེལ་ལ་གོམ་གང་མདུན་སྤོས་ཀྱིས་བཟོ་བཅོས་བྱས་ནས་སྔར་བས་འཐུས་ཚང་དུ་བཏང་། (རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག