གནད་དང་པོ།
ཀྲུང་དབྱང་སྡེ་ཁག་གི་ཕོགས་སྣོན་ནི་ཟླ་ཕོགས་ཀྱི་ལྡབ ༡.༦ རེད།
གཞུང་ཞབས་པའི་ཕོགས་དངུལ་ག་འདྲ་ཡིན་པ་དང་། ཕོགས་སྣོན་ག་ཚོད་ཡིན་པའི་སྐོར་ནི་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་རེད། ཐེངས་འདིར་ཀྲུང་དབྱང་སྡེ་ཁག་གིས་གཞི་གཅིག་ཏུ་རང་རང་གི་གླ་ཕོགས་ཕྱིར་བསྒྲགས་བྱུང་། དེ་སྔོན་ནོར་སྲིད་པུའུ་ཡིས་བསྒྲགས་པའི ༢༠༡༥ ལོའི་ཀྲུང་དབྱང་རིམ་པའི་གཞི་རྩའི་འགྲོ་སོང་སྔོན་རྩིས་ཁྲོད། གཞི་རྩའི་གླ་ཕོགས་ནི་སྒོར་དུང་ཕྱུར ༡༡༣༦.༨༡ ཡིན་ལ། ཕོགས་སྣོན་གསབ་དངུལ་ནི་སྒོར་དུང་ཕྱུར ༡༨༨༡.༨༡ ཡིན་པ་དང་། དེ་ནི་སྔོན་མའི་ལྡབ ༡.༦ རེད། ཁ་སང་། ལས་ཁུངས ༩༥ ཡི་ཁྲོད་རྒྱལ་སྲིད་སྤྱི་ཁྱབ་ཁང་བཅའ་ཁྲིམས་གཞུང་ལས་ཁང་སོགས་ལས་ཁུངས་བཞི་མ་གཏོགས། དེ་བྱིངས་ཀྱིས་སྤྱི་བའི་སྔོན་རྩིས་ཀྱི་གཞི་རྩའི་འགྲོ་སོང་གི་ཆ་འཕྲིན་ཕྱིར་བསྒྲགས་བྱུང་། ལས་ཁུངས ༩༥ ཡི་ཕོགས་སྣོན་གསབ་དངུལ་ནི་གཞི་རྩའི་ཟླ་ཕོགས་ཀྱི་ལྡབ ༣ ཡིན་ལ། དེའི་ཁྲོད། ལས་ཁུངས ༧༤ ཡི་ཕོགས་སྣོན་གཞི་རྩའི་གླ་ཕོགས་ལས་མཐོ་འདུག
པེ་ཅིང་གཞོན་ཚགས་ཀྱི་གསར་འགོད་པ་ལྟར་ན། ཀྲུང་གོའི་ཁྲིམས་རིག་ཚོགས་པ། རྒྱལ་ཁབ་ཕྱི་ཡིག་ཅུས། རྒྱལ་ཡོངས་བཟོ་ཚོང་མཉམ་ལྷན། སྤྱི་བདེ་པུའུ། ཆེས་མཐོའི་མི་དམངས་ཁྲིམས་དཔྱོད་ཁང་གི་ཕོགས་སྣོན་གསབ་དངུལ་དེ་གཞི་རྩའི་གླ་ཕོགས་ལས་ཅུང་མཐོ་རུ་ཆགས་ཡོད་དེ། ཀྲུང་གོའི་ཁྲིམས་རིག་ཚོགས་པའི་གཞི་རྩའི་གླ་ཕོགས་སྔོན་རྩིས་ནི་དམངས་སྒོར་ཁྲི ༡༠༤.༦ ཡིན་ལ། ཕོགས་སྣོན་གསབ་དངུལ་ནི་དམངས་སྒོར་ཁྲི ༦༦༦.༧༥ ཡིན་པ་དང་། དེ་ནི་སྔོན་མའི་ལྡབ ༦.༤ རེད། རྒྱལ་ཁབ་ཕྱི་ཡིག་ཅུས་ཀྱི ༢༠༡༥ ལོའི་ཕོགས་སྣོན་གསབ་དངུལ་ནི་སྒོར་ཁྲི ༣༠༠༠ ཉེ་བ་ཟིན་འདུག་མོད། གཞི་རྩའི་གླ་ཕོགས་ཀྱི་འགྲོ་སོང་ནི་ཧ་ལམ་སྒོར་ཁྲི ༥༠༠ སྟེ། དེ་གཉིས་བར་ལྡབ ༦ གི་བར་ཁྱད་ཡོད་པ་རེད། གཞན་ཡང་། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་དང་། སྤྱི་བདེ་པུའུ། ཆེས་མཐོའི་མི་དམངས་ཁྲིམས་དཔྱོད་ཁང་བཅས་སུའང་དེ་གཉིས་བར་ལྡབ ༦ ཙམ་གྱི་བར་ཁྱད་ཡོད་འདུག ཕོགས་སྣོན་གསབ་དངུལ་གྱི་སྔོན་རྩིས་རྐྱང་པར་གཞིགས་ནའང་། ཁྲལ་དོན་སྤྱི་ཁྱབ་ཅུས་དང་། སློབ་གསོ་པུའུ་གཉིས་ནས་རྣམ་གྲངས་དེའི་ཐད་ཀྱི་འགྲོ་སོང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་འདུག དེའི་ཁྲོད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཕོགས་སྣོན་གསབ་དངུལ་ཀྱི་འགྲོ་སོང་སྒོར་དུང་ཕྱུར ༡༥༥ ཡིན་ལ། སློབ་གསོ་པུའུ་ནི་དེ་ལས་ཅུང་ཉུང་པ་སྟེ་སྒོར་དུང་ཕྱུར ༡༠༢ རེད། གཞན་སྤྱི་བདེ་པུའུ་དང་། བཟོ་འཕྲིན་པུའུ། འགྲིམ་འགྲུལ་པུའུ། ཞིང་ལས་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། སྒོ་ཁྲལ་སྤྱི་ཧྲུའུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། ཉེན་འགན་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་སྡེ་ཁག ༩ ནས་རྣམ་གྲངས་དེའི་ཐད་ཀྱི་འགྲོ་སོང་སྒོར་དུང་ཕྱུར ༡༠ ཡན་ཟིན་ཡོད་པ་རེད།
གནད་གཉིས་པ།
གཞུང་ཞབས་པའི་ལོ་རེའི་ཡོང་འབབ་སྒོར་ཁྲི༡༠ལ་བརྒལ་མེད་པ།
པེ་ཅིང་གཞོན་ཚགས་ཀྱི་གསར་འགོད་པས་ཤེས་རྟོགས་བྱུང་པར་། སློབ་གསོ་པུའུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། ཞིང་ལས་པུའུ། ཀྲུང་གོའི་ས་ཡོམ་ཅུས་དང་གནམ་གཤིས་བརྟག་དཔྱད་ཅུས་སོགས་མ་མཐའ་ཡང་སྡེ་ཁག་བརྒྱད་ཀྱིས་རིམ་པ་དེ་གའི་སྡེ་ཁག་དང་ལས་ཁོངས་ལས་བྱེད་པའི་མི་འབོར་གྱི་གྲངས་ཚད་དང་། ལས་རྐང་ལས་བྱེད་པ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་གྲངས་ཚད་ཕྱིར་བསྒྲགས་འདུག དེ་ལས་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ནི་དམིགས་བསལ་བ་ཞིག་ནི་ཡིན་ཏེ། དེ་གས་སྲིད་འཛིན་སྒྲིག་ཁོངས་མི་སྣ་དང་། གཞུང་ཞབས་པའི་སྒྲིག་ཁོངས་ཟུར་ལྟ་དང་ལས་དོན་སྒྲིག་ཁོངས་ཀྱི་ཞིབ་ཕྲའི་མི་གྲངས་མ་གཏོགས་བསྒྲགས་མི་འདུག
ཁོངས་གཏོགས་མ་ལག་གི་མི་སྣར་དཔེ་བཞག་ན།
སློབ་གསོ་པུའུ་ཡི་ཁོངས་གཏོགས་སུ་མི་གྲངས་ཁྲི ༥༤..༦༡ ཡོད་དེ། དེར་ཁོངས་གཏོགས་མཐོ་རིམ་སློབ་ཆེན ༧༥ དང་ལས་ཁུངས ༣༥ འདུས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལ་ཁྱོན་བསྡོམས་ཁོངས་མི་ཁྲི ༥༢.༧༣ ཡོད་ཅིང་། དེའི་ཁྲོད་ལས་འཁྱུར་ངལ་གསོ་བྱེད་མཁན་རྐྱང་པར་མི་གྲངས་ཁྲི ༡༢.༤༧ ཡོད། གཞན། ཞིང་ལས་པུའུ་ཡི་ཁོངས་གཏོགས་སུ་མི་གྲངས་ཁྲི ༢.༣ ལ་ཉེ་བ་དང། གནམ་གཤིས་བརྟག་དཔྱད་ཅུས་ཀྱི་ཁོངས་གཏོགས་སུ་མི་གྲངས ༡༠ ལ་བརྒལ་པ་ཡོད་རེད།
གོང་གི་སྡེ་ཁག་དག་གི་ཁྲོད། མི་ཉུང་པ་ཞིག་ནི་གླ་ཕོགས་དང་ཕོགས་སྣོན་གྱི་འགྲོ་སོང་མང་པོ་ཟིན་མཁན་ཡིན་ཏེ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་། སློབ་གསོ་པུའུ་ཡི་ཕོགས་སྣོན་འགྲོ་སོང་གཅིག་པུ་སྒོར་དུང་ཕྱུར ༡༠༠ ལས་བརྒལ་ཡོད་ཅིང་། གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་འགྲོ་སོང་ནི་རིམ་བཞིན་སྒོར་དུང་ཕྱུར ༢༣༢ དང་། ༢༡༡ རེད། གལ་ཏེ་གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་འགྲོ་སོང་དེ་མི་གྲངས་ལ་བགོས་པ་ཡིན་པ། ལས་ཁུངས་དེ་གཉིས་ཀའི་མི་རེའི་ཆ་སྙོམས་ཀྱི་གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་འགྲོ་སོང་ནི་སྒོར་ཁྲི ༥.༧༧ དང ༧.༢༨ རེད།
གསར་འགོད་པས་སྡེ་ཁག་བརྒྱད་ཀྱིས་བསྒྲགས་པའི་མི་གྲངས་ལྟར་མི་རེའི་ཆ་སྙོམས་གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་འགྲོ་སོང་རྩིས་བརྒྱབ་པར་གཞིགས་ན། གོང་གསལ་སྡེ་ཁག་བརྒྱད་ཀྱི་ལོ་རེར་ཆ་སྙོམས་མི་རེའི་གླ་ཕོགས་ཀྱི་འགྲོ་སོང་སྒོར་ཁྲི ༡༠ ལས་བརྒལ་མི་འདུག དེ་ལས་ཆེས་མང་ཤོས་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཡིན་ཏེ། ལས་བྱེད་པ་ཁྲི༧ཀྱི་གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར ༥༧ དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༨.༢༡ རེད། དེ་ལས་ཆེས་དམའ་ཤོས་ནི་གནམ་དཔྱད་སྡེ་ཁག་ཡིན་ཏེ། གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་དངུལ་སྒོར་ཁྲི༢༡དེ་མི་ཁྲི༧ལ་བགོས་ན་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༢.༨༥ ཡི་གཡས་གཡོན་རེད།
ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་ནོར་ཁྲལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཀྲིང་ཝུན་གྱིས། གལ་ཏེ་ཀྲུང་དབྱང་རིམ་པའི་སྡེ་ཁག་གཅིག་པུའི་གཞུང་ཞབས་པ་ཞིག་གི་གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་ཆ་སྙོམས་ཡོང་འབབ་སྒོར་ཁྲི༣ལའང་མི་ཟིན་ཚེ། དེ་ནི་མི་དམངས་ཀྱི་ངོས་འཛིན་ཚད་གཞི་ལས་རིང་དུ་དམའ་འདུག ཁོས། སྔོན་རྩིས་གཞི་གྲངས་ཡང་དག་དང་དོན་དངོས་ཡོང་རྒྱུ་སྔོན་རྩིས་སྤྱི་བསྒྲགས་ལ་དཔྱད་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་རེད། ད་སྔའི་གཞི་གྲངས་ལ་གཞིགས་ན། མི་དམངས་ཀྱིས་གླ་ཕོགས་དང་ཕན་བདེ་གཟིགས་སྐྱོང་གི་སྤྱི་འབོར་གྱིས་མི་གྲངས་སྤྱི་ལ་བགོས་ཆོག་མོད། མཇུག་གྲངས་ཚད་ལྡན་མིན་པ་དེའི་རྒྱུ་མཚན་ཅི་ཡིན་ནམ། ཕན་བདེ་གཟིགས་སྐྱོང་གི་གཞི་གྲངས་ཡང་དག་མིན་ནམ། སྡོམ་རྩིས་བྱེད་ཐབས་ལ་གནད་དོན་ཡོད་པ་རེད་ཅེས་བསྟན་བྱུང་།
གནད་གསུམ་པ།
པུའུ་ཨུད་ཕྱེད་ཙམ་གྱིས་ཁང་པ་ཉོ་བྱེད་གསབ་དངུལ་ཇེ་མཐོར་བཏང་འདུག
ཀྲུང་དབྱང་གི་སྡེ་ཁག ༩༥ ཡིས་རེའི་མིག་ཁྲོད་ཁང་པ་ཉོ་བྱེད་གསབ་དངུལ་གྱི་ཞིབ་ཕྲའི་སྔོན་རྩིས་གཞི་གྲངས་དང་འཕར་བཅག་བྱེད་ཚད་གསལ་བོར་བཀོད་འདུག གསར་འགོད་པར་སྡོམ་རྩིས་བྱས་པ་ལྟར་ན།ཀྲུང་དབྱང་སྡེ་ཁག་ཕྱེད་ཙམ་གྱི་ཁང་པ་ཉོ་བྱེད་གསབ་དངུལ་གྱི་སྔོན་རྩིས་ཇེ་མཐོར་བཏང་འདུག སྒོ་ཁྲལ་སྤྱི་ཧྲུའུ་ལ་དཔེ་བླངས་ན། སྒོ་ཁྲུལ་སྤྱི་ཧྲུའུ་ཡི ༢༠༡༥ ལོའི་ཁང་པ་ཉོ་བྱེད་གསབ་དངུལ་སྔོན་རྩིས་གྱི་སྤྱོ་འབོར་སྒོར་དུང་ཕྱུར ༢.༦༡ ལ་སླེབས་ཡོད་ཅིང་། བརྒྱ་ཆའི ༡༣.༡ འཕར་འདུག སྔོན་རྩིས་སྙན་ཞུའི་ཁྲོད།“དུས་ཡུན་རིང་པོར་སྒོ་ཁྲལ་ལས་ཁུངས་ཀྱི་ཁང་པ་ཉོ་བྱེད་གསབ་དངུལ་ལ་ཆད་རྐྱེན་ཤོར་པས། སྡོད་ཁང་མེད་པའི་ལས་བྱེད་པ་དང་སྡོད་ཁང་ཚད་ཐིག་ཏུ་སླེབས་མེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐུབ་མེད། ༢༠༡༥ ལོར ༢༠༡༤ ལོའི་གཏན་འཁེལ་རྨང་གཞིའི་སྟེང་འགྱུར་བ་ཅུང་ཙམ་བཏང་པ་ཡིན”ཞེས་འགྲེལ་བཤད་བྱས་འདུག
གཞན་ཡང་། རྒྱུ་རྐྱེན་གཞན་གྱི་དབང་གིས་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁང་པ་ཉོ་བྱེད་གསབ་དངུལ་སྔོན་རྩིས་ནི་སྒོར་ཁྲི ༡༥༤༠ དང་། འཕར་ཚད་བརྒྱ་ཆའི ༡༡༠.༩༥ ལ་སླེབས་འདུག དེ་ནི་སྤྱི་ཁྱབ་ཅུས་ཀྱི་ཐད་གཏོགས་ལས་ཁུངས་སུ་ལས་བྱེད་མི་སྣ་ཇེ་མང་དུ་སོང་པའི་རྐྱེན་གྱིས་སྔོན་རྩོས་འགྲོ་སོང་ཡང་བལྟོས་བཅོས་ཀྱིས་ཇེ་མང་དུ་བཏང་པ་རེད།
གཞན་ཡང་དཔེར་ན། ཀྲུང་གོའི་ཕྱི་སྡོད་སྤུན་ཟླ་ལྷན་ཚོགས་ཀྱི་ཁང་པ་ཉོ་བྱེད་གསབ་དངུལ་སྔོན་རྩིས་ནི་སྒོར་ཁྲི ༡༣༥ ཡིན་ལ། ༢༠༡༤ ལོ་ལས་བརྒྱ་ཆའི ༡༧༠ འཕར་ཡོད་ཅིང་། “དེ་ཡང་གཙོ་བོ་ནི་ཚད་གཞི་ལྟར་ལས་རྐང་ལས་བྱེད་པ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི་ཁང་པ་ཉོ་བྱེད་ཀྱི་གསབ་དངུལ་ཁ་གསབ་གནང་པ་རེད”གནམ་དཔྱད་ཅུས་དང་། ནགས་ལས་ཅུས་ཀྱིས“ཁང་བ་མེད་མཁན་ལ་ཐེངས་གཅིག་ཏུ་གསབ་དངུལ་ཁ་ཚང”གནང་འདུག་པས། ༢༠༡༥ ལོའི་སྔོན་རྩིས་འཕར་འདུག འཕྲོད་བསྟེར་འཆར་སྐྱེས་ཨུ་ལྷན་གྱིས་ན་ནིང་ལོར་ཁང་པ་ཉོ་བྱེད་གསབ་དངུལ་ཁ་ཚང་ཐེངས་གཅིག་ཏུ་བྱིན་ཚར་འདུག་པས་ད་ལོར་བསྐྱར་དུ་བཀོད་སྒྲིག་བྱས་མི་འདུག་ཅིང་། ༢༠༡༥ ལོའི་ཁང་པ་ཉོ་བྱེད་གསབ་དངུལ་གྱི་འགྲོ་སོང་སྔོན་རྩིས ༢༠༡༤ ལོ་དང་བསྡུར་ན་བརྒྱ་ཆའི ༣༦.༥༥ མར་བཅག་འདུག
སྤྱི་འབོར་ལྟར་རྩིས་ན། སློབ་གསོ་པུའུ་ཡི ༢༠༡༥ ལོའི་སྔོན་རྩིས་འགྲོ་སོང་གི་ཁང་པ་ཉོ་བྱེད་ཀྱི་གསབ་དངུལ་སྒོར་དུང་ཕྱུར ༢༠༧༥ ཡིན་ལ། སྡེ་ཁག་ཡོད་ཚད་ཁྲོད་ཨང་དང་པོ་ཟིན་འདུག སློབ་གསོ་པུའུ་ཡིས་གསལ་བཤད་ཁྲོད་བསྟན་དོན། གྲངས་འབོར་འདི ༢༠༡༤ ལོ་ནས་དུང་ཕྱུར ༤ འཕར་ཡོད་ཅིང་། འཕར་ཚད་བརྒྱ་ཆའི ༢༣༨༨ ལ་སླེབས་ཡོད། དེ་ཡང་གཙོ་བོ་ནི“ཉེ་བའི་ལོ་རིང་ཁོངས་གཏོགས་ལས་ཁུངས་ཀྱི་སྔོན་རྩིས་མི་སྣ་ལས་སྤོར་དང་། ལས་རིམ་འཕར་བ་སོགས་ཀྱིས་ཁང་པའི་གསབ་དངུལ་ལ་ཆད་ལྷག་ཆེན་པ་ཤོར་ཡོད་པས་ད་ལོ་དངུལ་འབོར་ཇེ་མང་དུ་བཏང་པ་ཡིན་ཞེས”བཀོད་འདུག
འགྲེལ་བརྗོད།
གླ་ཕོགས་དང་ཕོགས་སྣོན་གྱི་སྤྱི་འབོར་ཙམ་བསྒྲགས་པས་མི་འདང་པ།
ལོ་ཧྲིལ་པོའི་གླ་ཕོགས་དང་ཕོགས་སྣོན་སྔོན་རྩིས་སྒོར་དུང་ཕྱུར༢༠ལྷག་ཡིན་ནའང་ལས་མི་ཁྲི༧ལྷག་ཡོད་པས། ལོ་རེར་མི་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི༣ལའང་སླེབས་མི་འདུག གསར་འགོད་པས་སྡོམ་རྩིས་ལྟར་ན། ཀྲུང་དབྱང་སྡེ་ཁག་གིས་གླ་ཕོགས་དང་ཕོགས་སྣོན་གྱི་སྤྱིའི་འགྲོ་སོང་སྔོན་རྩིས་བསྒྲགས་པ་དེས་མང་ཚོགས་ཀྱིས་སྡེ་ཁག་དེ་གའི་ལས་བྱེད་མི་སྣའི་ཆ་སྙོམས་ལོ་རེའི་གླ་ཕོགས་ག་ཚོད་ཡིན་པ་རྟོགས་ཐབས་བྲལ་བས། དེ་ལུགས་མཐུན་ཞིག་ཡིན་ནམ།
ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་ནོར་ཁྲལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཀྲིང་ཝུན་གྱིས། གླ་ཕོགས་དང་ཕོགས་སྣོན་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་གཅིག་ཡིན་ན། མི་སྟོང་གཅིག་གིས་དུང་ཕྱུར་གཅིག་བེད་སྤྱོད་གཏོང་པ་དང་མི་སྟོང་གཉིས་ཀྱིས་དུང་ཕྱུར་གཅིག་བེད་སྤྱོད་གཏོང་པ་གཉིས་ཁྱོན་ནས་འདྲ་གི་མ་རེད་ཟེར། ཁོས། སྔོན་རྩིས་སྤྱི་བསྒྲགས་ནི་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་སྟེ་གཞི་རྩའི་གླ་ཕོགས་དང་། ཕོགས་སྣོན་གསབ་དངུལ། ཁང་པའི་གསབ་དངུལ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཞི་གྲངས་དེ་ཡིན་པས། སྤྱི་འབོར་ཕྱིར་བསྒྲགས་དགོས་པ་དང་དེ་མཚུངས་སུ་དེ་འབྲེལ་གྱི་གྲངས་ཀ་མི་རེའི་ཆ་སྙོམས་ཡོང་འབབ་སོགས་ཀྱང་ཕྱིར་བསྒྲགས་དགོས་ཞེས་བསྟན།
ཁོས། གླ་ཕོགས་དང་ཕོགས་སྣོན་གྱི་འགྲོ་སོང་ནི་དངུལ་གྱི་གནད་དོན་ཡིན་པ་མ་ཟད། གླ་ཕོགས་དང་ཕོགས་སྣོན་གྱི་འགྲོ་སོང་གཏོང་ཡུལ་སུ་ཡིན་པ་དེའང་རེད། གླ་ཕོགས་སྒྲིག་ཁོངས་ནང་ཁུལ་དུ་ག་ཚོད་བེད་སྤྱོད་གཏོང་པ་དང་གནས་སྐབས་ལས་མིར་ག་ཚོད་བེད་སྤྱོད་གཏོང་པ་བཅས་ཀྱང་གསལ་པོར་བསྒྲགས་དགོས། གཞི་གྲངས་འདི་དག་གིས་སྲིད་འཛིན་ལས་ཁུངས་ཀྱི་ལས་ཀའི་ཕན་འབྲས་མཚོན་ཐུབ་པ་རེད། གལ་ཏེ་སྒྲིག་ཁོངས་ཕྱིའི་ལས་མི་མང་པོ་ཡོད་ཚེ་སྲིད་གཞུང་ལས་ཁུངས་ཀྱི་དོ་དམ་ཁྲོད་གནད་དོན་ཡོད་པ་རྟོགས་ཐུབ་ཅེས་ཟེར།
པུའུ་ཨུད་ལས་ཁུངས་ཀྱི་ལས་བྱེད་པའི་གླ་ཕོགས་ག་འདྲ་ཡིན་ཞེ་ན།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དུ་ལས་རྐང་གི་ལས་བྱེད་པ ༧༠༡༣༦ ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༨.༢༡ རེད།
ཀྲུང་གོའི་ཡིག་ཚགས་ཁང་དུ་ལས་རྐང་གི་ལས་བྱེད་པ༧༤༥ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༨.༠༦ རེད། སློབ་གསོ་པུའུ་རུ་ལས་རྐང་གི་ལས་བྱེད་པ་ཁྲི ༢༩.༠༦ ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༧.༢༨ རེད།
ཀྲུང་གོའི་ས་ཡོམ་ཅུའུ་རུ་ལས་རྐང་གི་ལས་བྱེད་པ༡༢༩༠༠ལྷག་ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི༥.༧༨རེད།
ཀྲུང་གོའི་ཁྲལ་དོན་སྤྱི་ཁྱབ་ཅུའུ་རུ་ལས་རྐང་གི་ལས་བྱེད་པ ༤༠.༢༦ ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༥.༧༧ རེད།
སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་རུ་སྲིད་འཛིན་སྒྲིག་ཁོངས་ཀྱི་ལས་བྱེད་པ ༢༧༩༤༩ དང་། གཞུང་ཞབས་པའི་སྒྲིག་ཁོངས་ཟུར་ལྟའི་ལས་བྱེད་པ ༣༠༢ ། སྒྲིག་ཁོངས་ལས་བྱེད་པ ༡༦༡༧༥ ཡོད་དེ། མི་རེའི་ཆསྙོམས་ཡོང་འབབ་སྒོར ཁྲི ༥༧༡ རེད།
ཞིང་ལས་པུའུ་རུ་ལས་རྐང་གི་ལས་བྱེད་པ ༨༦༨༤༦ ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༣.༦༡ རེད།
ཀྲུང་གོའི་གནམ་དཔྱད་ཅུའུ་རུ་ལས་རྐང་གི་ལས་བྱེད་པ ༧༢༩༦༧ ཡོད་ཅིང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི ༢.༨༥ རེད།