ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་མི་རིགས་བརྗོད་གཞིའི་དངོས་ཞུས་གློག་བརྙན་གྱི་ཕྱིར་དྲན་འགྲེམས་སྟོན་པེ་ཅིང་དུ་སྤེལ།

2015-04-20 གཡང་སྒྲོལ།

༢༠༡༥ ལོའི་པེ་ཅིང་མི་རིགས་གློག་བརྙན་འགྲེམས་སྟོན་དུ“ཀྲུང་གོའི་མི་རིགས་བརྗོད་གཞིའི་དངོས་ཞུས་གློག་བརྙན་གྱི་ཕྱིར་དྲན་འགྲེམས་སྟོན” སྡེ་ཚན་དམིགས་སུ་བཙུགས་ཡོད་ཅིང་། ཟླ ༤ པའི་ཚེས ༡༨ ཉིན་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཟློས་གར་ཁང་ནས་འགོ་ཚུགས་རྒྱུ་རེད།

དེ་སྔ་ཐེངས་དྲུག་བསྡུས་པའི་པེ་ཅིང་མི་རིགས་གློག་བརྙན་འགྲེམས་སྟོན་དུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་རིག་གནས་དྲིལ་སྒྲོག་སི་དང་། པེ་ཅིང་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན། པེ་ཅིང་གྲོང་ཁྱེར་གསར་འགྱུར་རྒྱང་བརྙན་ཅུས་ནི་མཛུབ་སྟོན་ལས་ཁུངས་རེད། ད་ལོར“ཀྲུང་གོའི་མི་རིགས་བརྗོད་གཞིའི་དངོས་ཞུས་གློག་བརྙན་གྱི་ཕྱིར་དྲན་འགྲེམས་སྟོན” སྡེ་ཚན་དམིགས་སུ་བཙུགས་ནས་རང་རྒྱལ་གྱི་གྲངས་ཉུངས་མི་རིགས་ཀྱི་གློག་བརྙན་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་ཐུབ་པ་བྱུང་ཡོད་པ་རེད།

ཐེངས་འདིའི་ཕྱིར་དྲན་འགྲེམས་སྟོན་གྱི་བརྗོད་གཞི་ནི“ཁྱིམ་གཞིས་དང་ཤུལ་བཞག”ཅེས་པ་དེ་ཡིན་ལ། འགན་གཉེར་ལས་ཁུངས་ཡིན་པའི་ཆ་ནས། ཀྲུང་གོའི་མི་རིགས་རྟེན་མཛོད་ཁང་གིས“མཐོང་ཚོར་ཟབ་མོའི་ཁྲོད་ལོ་རྒྱུས་མཐོང་པ་དང་། དངོས་ཞུས་བརྙན་གཟུགས་ཁྲོད་དྲན་ཤེས་རྙེད་པའི”རྩ་དོན་གཞིར་བཟུང་ཐོག ཁྱོན་ཡོངས་ནས་འགྲེམས་སྟོན་དང་ཉར་ཚགས་ཀྱི་སྡིངས་ཆ་འདི་བསྐྲུན་པ་བརྒྱུད། མི་རིགས་བརྗོད་གཞིའི་དངོས་ཞུས་གློག་བརྙན་གསར་རྩོམ་མཁན་དང་བརྩམས་ཆོས་ཕུལ་བྱུང་པ་དག་ཀུན་གྱི་སྤྱན་ལམ་དུ་བསྟར་རྒྱུ་རེད། གཞན་ཡང་། རྟེན་མཛོད་ཁང་དེ་གས་ཆེད་དུ“ཀྲུང་གོའི་མི་རིགས་རྟེན་མཛོད་ཁང་གི་མི་རིགས་ལོ་རྒྱུས་ཀྱི་གློག་བརྙན་ཡུན་རིང་ཉར་ཚགས་གཟེངས་རྟགས”བཙུགས་ཡོད་པ་དང་། རྟེན་མཛོད་ཁང་གིས་མི་རིགས་ལོ་རྒྱུས་ཀྱི་ཕུལ་བྱུང་གློག་བརྙན་ཡུན་རིང་ཉར་ཚགས་མཛད་པ་བརྒྱུད་མི་དེ་ལས་མང་པོས་མི་རིགས་ལོ་རྒྱུས་ཀྱི་གློག་བརྙན་འཚོལ་ཞིབ་དང་གསར་གཏོད་བྱེད་པར་སྐུལ་འདེད་གནང་རྒྱུ་རེད།

ད་རེས་ཀྱི་ཕྱིར་དྲན་འགྲེམས་སྟོན་དུ“ཨོ་ལུན་ཁྲུན་གྱི་ལོ་བརྒྱའི་བརྙན་གཟུགས་འགྲེམ་སྟོན་དང་གླེང་སྟེགས”ཀྱི་ཆེད་དོན་བརྗོད་གཞི་བཀོད་སྒྲིག་བྱས་ཡོད་ཅི་ང། དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་པའི་སྐབས་ཀྱི་ཨོ་ལུན་ཁྲུན་རིགས་ཀྱི་པར་རིས་དང་དཔྱད་ཡིག༥༠༠༠ལྷག་ལས་པར་རིས༢༠དང་། འདས་པའི་ལོ་ངོ་བརྒྱའི་རིང་གི་ཨོ་ལུན་ཁྲུན་གྱི་དངོས་ཞུས་གློག་བརྙན་ཁྲོད་མི་རིགས་ལོ་རྒྱུས་ཀྱི་གློག་བརྙན་བརྩམས་ཆོས་ཕུལ་དུ་བྱུང་པ༤བདམས་པ་དང་། ཀྲུང་གོའི་མི་རིགས་རྟེན་མཛོད་ཁང་གི་ཉར་དངོས་ལས་ཨོ་ལུན་ཁྲུན་གྱི་སྲོལ་རྒྱུན་རྔོན་ལས་དུས་རབས་ཀྱི་རིག་དངོས་༢༠བདམས་ནས“པར་རིས་དང་། གློག་བརྙན། རིག་དངོས”གཞི་གཅིག་ཏུ་བསྡུས་པའི་ལོ་རྒྱུས་ཀྱི་གླེང་བརྗོད་གྲུབ་པས། ཡུལ་ལྗོངས་ཧྲིལ་པོའི་རང་བཞིན་གྱིས་དུས་རབས་གཅིག་རིང་གི་ཨོ་ལུན་ཁྲུན་གྱི་ལོ་རྒྱུས་འཕོ་འགྱུར་འགྲེམས་སྟོན་གནང་རྒྱུ་རེད།

དུས་ཡུན་རིང་པོའི་ཁྲོད་རང་རྒྱལ་གྱི་མི་རིགས་བརྗོད་གཞིའི་དངོས་ཞུས་གློག་བརྙན་ལ་འགྲེམས་སྟོན་དང་བརྗེ་རེས་ཀྱི་སྡིངས་ཆ་དཀོན་པར་གྱུར་པའི་དབང་གིས་ད་རེས་ཀྱི་ཕྱིར་དྲན་འགྲེམས་སྟོན་ལ་ཀུན་གྱི་དོ་སྣང་ཆེན་པོ་མཛད་ཀྱི་འདུག ཆིང་ཧྭ་སློབ་ཆེན་གྱི་མིའི་རིགས་རིག་པ་དང་མི་རིགས་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཐོང་ཚོར་མིའི་རིགས་རིག་པ་ཞིབ་འཇུག་སོའོ་ཡིས་འགྲེམས་སྟོན་རིང་དེ་འབྲེལ་གྱི་རིག་གཞུང་བྱེད་སྒོ་སྤེལ་ནས། ཐུན་མོང་སྒོས་བརྙན་གཟུགས་མིའི་རིགས་རིག་པའི་རིག་ཚན་འཕེལ་རྒྱས་ཡོང་པར་སྐུལ་འདེད་གནང་རྒྱུ་རེད། ཀྲུང་གོའི་མི་རིགས་རྟེན་མཛོད་ཁང་གི་འབྲེལ་ཡོད་འགན་ཁུར་པས། ཀྲུང་གོའི་མི་རིགས་རྟེན་མཛོད་ཁང་གིས་བརྩམས་ཆོས༡༠༠ལྷན་འཚོལ་སྡུད་བྱས་ཡོད་ཅིང་། བསྟུད་མར་རྒྱུན་མ་ཆད་པར་མི་རིགས་ལོ་རྒྱུས་གློག་བརྙན་འགྲེམས་སྟོན་དང་ཉར་ཚགས་སྡིངས་ཆ་བསྐྲུན་པ་བརྒྱུད། ཀྲུང་གོའི་མི་རིགས་རྟེན་མཛོད་ཁང་གིས“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་བརྙན་གཟུགས་གྲངས་མཛོད”འཛུགས་རྒྱུ་དང་། དེ་ལས་གསར་རྩོམ་པའི་ཤེས་རིག་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། རྒྱལ་ནང་དང་རྒྱལ་ཕྱིར་འགྲེམས་སྟོན་དང་། ཞིབ་འཇུག ཉམས་མྱོང་བརྗེ་རེས་བྱེད་པར་ནུས་པ་བཏོན་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་དྲན་ཤེས་དང་སྣ་མང་རིག་གནས་ཉར་ཚགས་དང་རྒྱུད་འཛིན་བྱེད་རྒྱུ་ཡིན་ཞེས་བསྟན་བྱུང་།

ཁ་བྱང་ཕྱི་མོ། ཀྲུང་གོའི་མི་རིགས་བརྗོད་གཞིའི་དངོས་ཞུས་གློག་བརྙན་གྱི་ཕྱིར་དྲན་འགྲེམས་སྟོན་པེ་ཅིང་དུ་སྤེལ་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག