འགུལ་རིས། བཙན་གྱིས་རྒྱུགས་ལེན་འཇུག་པ།
༢༠༡༤ ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་མི་གྲངས་དུང་ཕྱུར ༣ ལ་ཐོད་བརྒལ་བྱུང་ཡོད། འགྲིམ་འགྲུལ་སྒྲིག་ཁྲིམས་ཀྱི་བླང་བྱ་ལྟར་ན། འཕྲུལ་སྒུལ་འཁོར་ལོ་གཏོང་བར་ངེས་པར་དུ་ངེས་པར་དུ་སྒྲིག་ཁྲིམས་ལྟར་ཏུ་ཁ་ལོ་བའི་དཔང་ཡིག་ལེན་དགོས་པ་དང་། ཁ་ལོ་བའི་སློབ་གྲྭ་ཆེ་ཆུང་ཁག་ནི་དཔང་ཡིག་དེ་ལེན་ས་གཙོ་བོ་ཡིན་པ་རེད།
འོན་ཀྱང་། ཕྱོགས་གཅིག་ནས་ཁ་ལོ་བའི་སློབ་གྲྭའི་སློབ་ཡོན་ཉེ་བའི་ལོ་འགའི་རིང་དུ་རྒྱུན་ཆད་མེད་པར་གོང་འཕར་བྱུང་བཞིན་ཡོད་ལ། གྲོང་ཁྱེར་སྐོར་ཞིག་གི ༢༠༡༥ ལོའི་སློབ་ཡོན་སྒོར་ཁྲི ༡ ལས་བརྒལ་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ས་གནས་ཁ་ཤས་སུ་དུས་རྒྱུན་དུ་རྒྱུགས་ལེན་སྐབས་རུལ་སུངས་གནས་ཚུལ་བྱུང་བཞིན་ཡོད། རྒྱུགས་དཔོན་དག་གིས་ཁྲིམས་འགལ་དུ་ལེགས་གཅེས་སྒོར་སྟོང་ཕྲག་མང་པོ་ལེན་བཞིན་ཡོད་པ་རེད། “ཤིན་ཧྭ་དྲ་བའི”གསར་འགོད་པ་ས་གནས་མང་པོར་སོང་ནས་བཅར་འདྲི་བྱས་པ་ན། ད་ལོའི་ལོ་སྟོད་ནས་བཟུང་། ས་གནས་མང་པོ་ཞིག་ཏུ་ཁ་ལོ་བའི་སློབ་གྲྭའི་སློབ་ཡོན་གོང་འཕར་ཚད་ངེས་ཅན་བྱུང་ཡོད་པ་རེད།
འགུལ་རིས། གསང་བ།
རང་རྒྱལ་གྱི་རྒྱལ་གཞུང་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལྟར་ན། འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བ་གསོ་སྦྱོང་ནི་སྤྱི་ཚོགས་ཡོངས་སུ་སྤེལ་དགོས་པ་དང་། འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁ་ལོ་བ་གསོ་སྦྱོང་སློབ་གྲྭ་དང་གསོ་སྦྱོང་འཛིན་གྲྭ་དོ་དམ་བྱེད་དགོས་པ་བསྟན་ཡོད། ཁ་ལོ་བ་གསོ་སྦྱོང་སློབ་གྲྭ་དང་གསོ་སྦྱོང་འཛིན་གྲྭས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་བསྟུན་ནས། སློབ་མ་དག་ལ་གཞུང་ལམ་འགྲིན་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁ་ལོ་བའི་ནུས་རྩལ་བཅས་གསོ་སྦྱོང་བྱེད་དགོས་པ་དང་། གསོ་སྦྱོང་སྤུས་ཚད་ཡག་པོ་ཡོང་བར་འགན་ལེན་བྱེད་དགོས་པ་རེད།
འོན་ཀྱང་། གསར་འགོད་པས་བརྟག་དཔྱད་བྱས་རྗེས་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་ལ་ལའི་ཁ་ལོ་བའི་སློབ་གྲྭའི་སློབ་ཡོན་ལོ་རེ་བཞིན་གོང་འཕར་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་ལྐོག་གྱུར་གྱི་རུལ་སུངས་གནས་ཚུལ་མང་པོ་ཡོད་པ་རེད།
འགུལ་རིས། ལམ་འདིང་པ།
ཀྲན་ཅང་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣས་གསར་འགོད་པར་བཤད་རྒྱུར། ལྐོག་རྔན་ལེན་སྟངས་ལ་རིགས་གཉིས་ཡོད། གཅིག་ནི་ཁ་ལོ་བའི་སློབ་གྲྭས་ཐད་གར་དུ་སློབ་མའི་ལག་ནས་སློབ་ཡོན་མཐོན་པོ་ལེན་པ་དང་ཡང་ན་གླ་རིན་ལྷག་མ་བླངས་ནས། ལས་སྒྲུབ་མི་སྣས་རྒྱུགས་དཔོན་ལ་སྤྲོད་པ་རེད། གཉིས་པ་ནི་དགེ་རྒན་གྱིས་ཐད་ཀར་ཏུ་སློབ་མའི་ལག་ནས་ལེན་པ་དང་། རྒྱུགས་ལེན་འཚག་རྗེས་སྒོར་མོ་དེ་རྒྱུགས་དཔོན་ལ་སྤྲད་པ་རེད། “ཁ་ལོ་བའི་སློབ་གྲྭས་བར་འདུག་བྱས་ཡོད་ལ། སློབ་མ་དང་ཁ་ལོ་བའི་སློབ་གྲྭ། རླངས་འཁོར་དོ་དམ་ཁང་བཅས་ཀྱི་ཁ་ལོ་བའི་རྒྱུགས་ལེན་མ་ལག་གི་རུལ་སུངས་རྒྱུན་ཐག་ཅིག་གྲུབ་ཡོད་པ་རེད”ཅེས་བཤད།
འགུལ་རིས། ཐབས་བཀོད་གཞན་མེད།
ཞུའུ་ཀང་ཅན་སོགས་ཆེད་མཁས་པས་བསྟན་དོན། ད་ལྟའི་དངོས་ཡོད་གནས་ཚུལ་ལ་བལྟས་ན། རང་རྒྱལ་གྱི་ཁ་ལོ་བ་གསོ་སྦྱོང་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་ནི་ད་དུང་སྡོད་དམངས་ཀྱི་རེ་འདུན་དང་བར་ཐག་ཆེན་པོ་ཡོད། ས་གནས་ལ་ལར་ལོ་མང་པོར་ཁ་ལོ་བའི་སློབ་གྲྭའི་གྲངས་ཀ་དང་སྦྱོང་བྱེད་རླངས་འཁོར་གྱི་གྲངས་ཀ་ཕལ་ཆེར་གོང་འཕར་བྱུང་མེད་པ་རེད། ཨན་ཧའེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐང་གི་འབྲེལ་ཡོད་འཕེལ་རྒྱས་འཆར་འགོད་ལས་མངོན་གསལ་ལྟར་ན། ༢༠༡༥ ལོའི་བར་དུ། ཨན་ཧའེ་ཞིང་ཆེན་གྱི་ཁ་ལོ་བའི་སློབ་གྲྭའི་གྲངས་ཀ ༡༨༠ ཡིན་པ་དང་། ༢༠༠༩ ལོ་ནས་ད་བར་དུ་ཁ་ལོ་བའི་སློབ་གྲྭ ༨ ལས་ཁ་སྣོན་བྱུང་མེད་པ་རེད།