ཐུར་ཁེ་རྒྱལ་ཁབ་ཀྱི་དྲག་ཆས་རུ་ཁག་གིས་ཉེ་ལམ་བསྟུད་མར་གསལ་བསྒྲགས་སྤེལ་ནས་ཐུར་ཁེའི་མཐའ་སྲུང་དམག་གིས་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ནས་ཀྲུང་གོའི་སྤྱི་དམངས“དབྱི་སི་ལན་རྒྱལ་ཁབ” IS ཀྱི་དྲག་སྤྱོད་ལ་ཞུགས་པའི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ཡོད་ལ། མིག་སྔར་ཐུར་ཁེ་གཞུང་ཕྱོགས་ཀྱིས་བརྟག་དཔྱད་བྱེད་བཞིན་པའི་གནས་ཚུལ་བསྒྲགས་ཡོད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་ཚོགས་པ་དང་འབྲེལ་ཡོད་སྒྲིག་འཛུགས་ཀྱི་རྒྱུ་ཆ་ལྟར་ན། རྒྱལ་ཁོངས་ཕྱིའི་མི་རྣམས་གཙོ་བོ་ཐུར་ཁེ་བརྒྱུད་དེ་སི་རི་ཡ་དང་དབྱི་རག་གི་དམག་ལ་ཞུགས་པ་མང་ལ། དེ་ནི་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་བསྡུར་ན་ཐུར་ཁེའི་དོ་དམ་ཚོད་འཛིན་ཅུང་ལྷོད་པའི་རྐྱེན་ཡིན་ཞེས་བརྗོད་ཡོད། གཞན་ཐུར་ཁེའི་འཕྲིན་ལམ་ལྟར་ན། ཐུར་ཁེ་རུ་ཡོད་པའིISཡི་ལམ་ཡིག་རྫུན་མ་བཟོ་སའི་ཆེད་གཉེར་ལས་ཁུངས་ཀྱིས་གཙོ་བོISརུ་ཞུགས་མཁན་རྒྱལ་ཁོངས་གཞན་མིར་ལམ་ཡིག་རྫུན་མ་མཁོ་སྤྲོད་བྱེད་གྱིན་ཡོད་པ་དང་།
ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན། ཐུར་ཁེའི་དྲག་ཆས་རུ་ཁག་གིས། ཉེ་ལམ་ཐུར་ཁེ་ནས་སྔ་གཞུག་ཏུ་ཐུར་ཁེ་དང་། དེའི་ཁྱིམ་མཚེས་རྒྱལ་ཁབ་པུར་ཀ་རི་ཡ། ཀེ་རི་སེ། སི་རི་ཡ་སོགས་རྒྱལ་ཁབ་ལ་བསྐྱོད་མཁན ༡༣༤ འཛིན་བཟུང་བྱས། ཟླ་བཞི་བའི་ཚེས་བཅུ་ཉིན་ལ་སི་རི་ཡའི་མི ༨༦ དང་། ཀྲུང་གོའི་མི ༦ བཅས་ཁྲིམས་འགལ་གྱིས་སི་རི་ཡ་ནས་ཐུར་ཁེར་བརྒལ་བའི་ལམ་དུ་འཛིན་བཟུང་བྱས། ཐུར་ཁེ་མཐའ་སྲུང་དམག་གིས་སི་རི་ཡར་ཁྲིམས་འགལ་གྱིས་བསྐྱོད་མཁན་ཐུར་ཁེའི་མི་གཉིས་འཛིན་བཟུང་ཐེབས་པ་དང་། སི་རི་ཡའི་མི་ལྔ་དང་ཐུར་ཁེའི་མི་དྲུག་དབྱི་རག་ནས་ཐུར་ཁེ་ལ་བསྐྱོད་པའི་ལམ་དུ་འཛིན་བཟུང་ཐེབས། ཕ་ཁི་སི་ཐན་གྱི་མི་གཅིག་ཁྲིམས་འགལ་གྱིས་ཀེ་རི་སེར་བསྐྱོད་པ་དང་། སི་རི་ཡའི་མི་བཅུ་དགུ་དང་། ཨ་ཧྥུ་ཧན་གྱི་མི་དྲུག དབྱི་རག་བ་གཉིས། ཐུར་ཁེ་བ་གཅིག་བཅས་ཁྲིམས་འགལ་གྱིས་མཐའ་མཚམས་བརྒལ་ནས་པུར་ཀ་རི་ཡར་བསྐྱོད་པའི་ལམ་དུ་འཛིན་བཟུང་བྱས། དེ་མིན་ཐུར་ཁེ་རྒྱལ་ཁོངས་ནས་ཁྲིམས་འགལ་གྱིས་སྡོད་མཁན་རྒྱལ་ཕྱིའི་སྤྱི་དམངས་གྱ་གསུམ་འཛིན་བཟུང་བྱས་པའི་སྐོར་གསལ་བསྒྲགས་བྱས་འདུག
གོང་གི་གསལ་བསྒྲགས་འདི་རིགས་ཐུར་ཁེ་གཞུང་ཕྱོགས་ཀྱིས་ISརུ་ཞུགས་པའི་ཀྲུང་གོའི་དོགས་ཡོད་ཉེས་ཅན་མཐའ་མཚམས་ནས་འཛིན་བཟུང་བྱས་པའི་གསལ་བསྒྲགས་ཐོག་མ་མ་ཡིན་ཏེ། ཐུར་ཁེའི་《མི་རིགས་ཚགས་པར》གྱིས་ཟླ་བཞི་བའི་ཚེས་བརྒྱད་ཉིན་སྤེལ་བའི་འཕྲིན་དུ། ས་ཞིང་བདེ་འཇགས་སྡེ་ཚན་གྱིས་ཟླ་བཞི་བའི་ཚེས་བདུན་ཉིན་སི་རི་ཡར་ཡོད་པའི་ISདྲག་སྤྱོད་ཚོགས་པར་ཞུགས་མཁན་མི་བཅུ་ཕྲག་འཛིན་བཟུང་ཐུབ་པ་དང་། དེའི་ནང་མི་བཅོ་ལྔ་ཀྲུང་གོའི་སྤྱི་དམངས་རེད་ཅེས་བཀོད་ཡོད། ཡང་ཐུར་ཁེའི《ཞོགས་ཚགས》གྱིས་ཟླ་བཞི་བའི་ཚེས་དགུ་ཉིན་སྤེལ་བའི་འཕྲིན་དུ། ཐུར་ཁེའི་དྲག་ཆས་རུ་ཁག་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཉིན་གཅིག་སྔོན་ལ་སྤེལ་བའི་གསལ་བསྒྲགས་ནང་། ཀྲུང་གོའི་མི་གཉིས་དང་ཕྲུ་གུ་བཅས་ཁྲིམས་འགལ་གྱིས་སི་རི་ཡ་ནས་ཐུར་ཁེ་བརྒལ་སྐབས་འཛིན་བཟུང་ཐེབས་ཚུལ་བསྒྲགས་ཡོད། ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཐུར་ཁེའི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས། ས་ཞིང་བདེ་འཇགས་རུ་ཁག་གིས་ཧ་ཐ་དབྱི་ཞིང་ཆེན་ནས་སི་རི་ཡར་ལྐོག་བརྒལ་བ་ཀྲུང་གོའི་དོགས་ཡོད་ཉེས་ཅན་དགུ་འཛིན་བཟུང་ཐེབས་པ་མ་ཟད། བཀག་ཉར་བྱས་ཡོད་ཚུལ་བསྒྲགས་འདུག
ན་ནིང་གི་ལོ་སྨད་ལ་ཀྲུང་གོ་བ་ISལ་ཞུགས་པའི་གནས་ཚུལ་དེར་ཀུན་གྱིས་དོ་སྣང་ཐོབ། ༢༠༡༤ལོའི་ཟླ་དགུ་བར། དབྱི་རག་རྒྱལ་སྲུང་པུའུ་ཡི་དྲ་བས་ISཡི་ཁོངས་མི་འཛིན་བཟུང་བྱས་པའི་ཀྲུང་གོ་བའི་འདྲ་པར་ཕྱིར་བསྟན་པར་ཀུན་ནས་གླེང་ཕྱོགས་མང་པོ་བྱུང་། ད་ལོའི་ཟླ་དང་པོར། མ་ལེ་ཞི་ཡའི་ནང་སྲིད་པུའུ་ཀྲང་ཀྲ་ཞི་ཏེ་ཡིས་ཀྲུང་གོའི་དཔོན་མིའི་གཏམ་དྲངས་ཏེ་བཤད་རྒྱུར། ཀྲུང་གོ་བ་༣༠༠ལྷག་བར་བརྒྱུད་ས་ཚིགས་མ་ལེ་ཞི་ཡ་ནས་རྒྱལ་ཁབ་གསུམ་པར་བརྒྱུད་དེ་སི་རི་ཡར་བསྐྱོད་དེ་དབྱི་རག་གི་ISཚོགས་པར་ཞུགས་པའི་དུས་མཚུངས་སུ། གླིང་ཆེན་ཨེ་ཤ་ཡའི་ཤར་ལྷོའི་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཡི་གུར་རིགས་གསང་སྟབས་ཀྱིས་མཐའ་མཚམས་བརྒལ་པ་འཛིན་བཟུང་བྱས། ན་ནིང་གི་ཟླ་བཅུ་བར། མ་ལེ་ཞི་ཡའི་ཡུལ་མི་གནས་པོ་སྡེ་ཚན་གྱིས་ཁྲིམས་འགལ་གྱིས་མཐའ་མཚམས་བརྒལ་བའི་ཀྲུང་གོའི་ཡི་གུར་བ་༡༥༥བཀག་ཉར་བྱས་པ་དང་། ༢༠༡༤ལོའི་ཟླ་གསུམ་པར་ཡི་གུར་བ་འདྲ་བའི་མི་བཅུ་བདུན་ཐེ་ལན་ནས་འཛིན་བཟུང་བྱས་ལ། ཁོ་ཚོས་ཁོ་ཚོ་ནི་ཐུར་ཁེ་བ་ཡིན་ཞེས་ཐུར་ཁེའི་གཞུང་ཚབ་ཁང་གིས་སྤྲད་པའི་ལམ་ཡིག་ཉར་ཡོད།
ཨ་རིའི་མཉམ་འབྲེལ་གསར་ལམ་ནས། གྱོད་གཞི་དེར་ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཐེ་ལན་སྲིད་གཞུང་ལ་མི་དེ་དག་ཕྱིར་རང་རྒྱལ་ལ་ལོག་ཏུ་འཇུག་དགོས་པའི་རེ་བ་བཏོན་འདུག་ཅེས་བསྒྲགས་ཡོད།
དབྱིན་ཇིའི་《རེས་གཟའ་དུས་དེབ》(The week)ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་དོན། ཀྲུང་གོའི་དཔོན་མི་ལ་མཚོན་ན་དྲག་སྐྱོད་པ་དེ་དག་ལ་རྒྱལ་ཕྱི་ནས་སྦྱོང་བརྡར་དང་ISཡི་དམག་ལ་བཀུག་རྗེས་ཕྱིར་རྒྱལ་ནང་དུ་ལོག་ནས་འཇིགས་སྐུལ་བྱ་འགུལ་སྤེལ་བར་སེམས་ཁྲལ་ཆེན་པོ་བྱེད་གྱིན་ཡོད། གཞན་པེ་ཅིང་ཕྱོགས་ནས་གོང་གི་མི་སྣ་དེ་རིགས་རྒྱལ་ཕྱིར་བསྐྱོད་དེ་དམག་དོན་ཉམས་མྱོང་ལེན་པ་དང་། འགད་རྫས་སྒྲིག་ཆས་བཟོ་རྩལ་སློབ་པ། དེ་མིན་དབྱི་སི་ལན་རྒྱལ་ཁབ་ཀྱི་ཐལ་སྐྱོད་བསམ་བློ་སློབ་རར་སིམ་ནས་སློབ་མར་མགོ་གཡོག་མགོ་སྐོར་གྱིས་སི་རི་ཡ་དང་དབྱི་རག་གི་འཐབ་འཛིང་ལ་ཞུགས་པར་སེམས་ཁྲལ་ཆེན་པོ་གནང་ཡོད་ཅེས་བསྒྲགས།
ཟླ་བཞི་བའི་ཚེས་དགུ་ཉིན་ཐུར་ཁེ《ཐང་ཆེན་ཚགས་པར》གྱིས་ཁ་བྱང་ལ་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཐུར་ཁེ་ལ་ལམ་ཡིག་འདོན་སྤྲོད་བྱས་པའི་སྐོར་གྱི་རྩོམ་ཞིག་བཀོད་ཡོད། ISལམ་ཡིག་རྫུན་མ་བཟོ་མཁན་དྲ་རྒྱའི་ཁོངས་མིA.Gཡིས་ཚགས་པར་ལ། IS ཡིས་ཐུར་ཁེའི་དབྱི་སི་ཐན་པུར་ནས་ལམ་ཡིག་རྫུན་བཟོ་ལྟེ་གནས་བཙུགས་ཡོད་པ་མ་ཟད། མི་སྣ་སྒྲིག་འཛུགས་ཀྱིས་སི་རི་ཡ་དང་དབྱི་རག་ལ་ལྐོག་བརྒལ་བྱེད་བཞིན་ཡོད་ཅེས་ཕྱིར་བསྒྲགས་བྱུང་། ཚགས་པར་གྱིས་སི་རི་ཡར་དམག་ཞུགས་འཐབ་མོ་བ་སྐྱེལ་ཆེདISཡིས་དབྱི་སི་ཐན་པུར་ལྟེ་བར་བཟུང་སྟེ་ལྐོག་ཇུས་གཏོང་ཐབས་མ་ལག་ཆ་ཚང་བཙུགས་ནསISརུ་ཞུགས་འདོད་ཀྱི་ཀྲུང་གོའི་ཡི་གུར་རིགས་ལག་ཏུ་མཚོན་བྱེད་ཙམ་གྱི་གྲོན་དངུལ་ཨ་སྒོར ༢༠༠ ལེན་བཞིན་ཡོད། མི་དེ་དག་ཐོག་མར་ཀྲུང་གོ་ནས་ཐེ་ལན་དང་། འབར་མ་ལྐོག་བརྒལ་གྱི་མ་ལེ་ཞི་ཡར་བསྐྱོད་པ་དང་། མ་ལེ་ཞི་ཡ་དང་ཐུར་ཁེ་བར་ཐོ་འགོད་མི་དགོས་པའི་བབ་དང་བསྟུན་ནས་ཐུར་ཁེའི་ལམ་ཡིག་རྫུན་མ་བཟུང་ནས་ཐུར་ཁེ་ལ་བསྐྱོད་པ་རེད། ཁོ་ཚོ་དབྱི་སི་ཐན་པུར་སླེབས་རྗེསISཡིས་གཏན་འཁེལ་བྱས་པའི་སར་ཉིན་གཅིག་ལ་བསྡད་རྗེས་ཐུར་ཁེ་མཐའ་མཚམས་ས་ཁུལ་བརྒལ་ནས་སི་རི་ཡ་དང་དབྱི་རག་ལ་བསྐྱོད་པ་རེད་ཅེས་དང་། ཡང་ཚགས་པར་གྱིས་མི་དེ་དག་གི་ཐོབ་ཐང་རྫུན་མ་ཐུར་ཁེ་གནམ་གྲུ་འབབ་ཐང་ནས་དཔྱད་ཞིབ་ཐོབ་རྗེས་ཕྱིར་མི་བསྐྲད་དོན་ཅི་ཡིན་ཞེས་འདྲི་སྐབས། A.Gཡིས་ཐུར་ཁེ་ཡིས་ཡི་གུར་རིགས་ལ་དམིགས་བསལ་གྱི་གསང་ཁྲིམས་ཡོད་པས། ཁོ་ཚོའི་ལམ་ཡིག་གཞུང་གཞེས་མེད་པར་གློད་གྲོལ་བྱེད་ངེས། མིག་སྔའི་བར་དུ་ཁོ་བོས་ཐུར་ཁེ་ལམ་ཡིག་རྫུན་མ་འབུམ་བཟོས་ཚར་ཡོད་ལ། དེ་ལས་མ་མཐའ་ཡང་ཁྲི་ལྔ་ཀྲུང་གོར་ཤོར་ཡོད་ཟེར། ཐུར་ཁེའི་སྣང་ཚུལ་དེ་ལ་ཕྱི་ཕྱོགས་ཀྱིས་མི་ཚིམ་པའི་བསམ་ཚུལ་མང་པོ་བྱུང་མྱོང་།
ན་ནིང་གི་ཟླ་བཅུ་གཉིས་པའི་ནང་ཡོ་རོམ་མནའ་འབྲེལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་འགན་འཁུར་བ་མོ་ཀེ་རི་ནེ་ཡིས་ཐུར་ཁེ་སྲིད་གཞུང་གིས་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་བྱས་པ་མི་ལེགས་པས། ཡོ་རོབ་ཀྱི་སྤྱི་དམངས་སྟོང་ཕྲག་ཁ་ཤས་ཐུར་ཁེ་ནས་སི་རི་ཡར་བརྒྱུད་དབྱི་རག་ལ་བསྐྱོད་དེISདམག་ལ་ཞུགས་པའི་ཚུལ་ལ་སྐྱོན་བརྗོད་བྱས་འདུག ན་ནིང་གི་ཟླ་བཅུ་གཅིག་པའི་ནང་། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐུར་ཁེ་བས་རང་རྒྱལ་གྱི་འཇིགས་སྐུལ་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་ཀྱིས་ཐུར་ཁེ་ལམ་ཡིག་རྫུན་མ་སྤྲད་དེ་གསང་སྟབས་ཀྱིས་མཐའ་མཚམས་བརྒལ་བའི་ཉེས་དོན་རྩད་ཆོད་བྱུང་སྟེ། ལམ་ཡིག་རྫུན་མ་ཐོགས་ནས་མཐའ་མཚམས་བརྒལ་མཁན་གྱི་ཡི་གུར་བ་དགུ་འཛིན་བཟུང་བྱས། སྤྱིར་བཏང་འཛིན་བཟུང་ཐེབས་པའི“ཤར་གྲི་ཀུ་སི་ཐན་”པ་འགའ་ཐུར་ཁེ་ལ་སླེབས་རྗེས་ཐུར་ཁེས་ཆད་པ་གཅོད་པ་ཕར་ཞོག་ཀྲུང་གོ་སྲིད་གཞུང་ལ་ཡང་སྤྲོད་འདོད་མེད་པ་རེད།
ཁ་བྱང་ཕྱི་མོ། ISཡིས་ཐུར་ཁེའི་ས་གནས་ཀྱི་ལམ་ཡིག་རྫུན་མ་འབུམ་གཅིག་བཟོས་པའི་མང་ཤོས་ཀྲུང་གོར་ཤོར།