ཝ་ཤིང་ཊོན་ནས་ཕྱི་ཚེས ༤/༡༤ ཉིན་གྱི་གློག་འཕྲིན་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཡུལ་དེའི་ཕྱི་ཚེས ༡༤ ཉིན་རྒྱལ་ཚོགས་ལ་ཡི་གེ་བཏང་བའི་ནང་། འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་རྩར་ལངས་མཁན་རྒྱལ་ཁབ་ཀྱི་མིང་ཐོ་ལས་ཁུ་པ་བསུབ་རྒྱུ་ཡིན་ཚུལ་བསྟན་པ་དང་། འདིས་ཁུ་ཨ་བར་གྱི་འབྲེལ་ལམ་ཡག་ཕྱོགས་སུ་གོམ་པ་ཆེན་པོ་གཅིག་སྤོས་པ་དང་། གཞུང་ཚབ་ཁང་སླར་ཡང་ཕྱེ་རྒྱུའི་བར་ཆད་ཆེན་པོ་གཅིག་སེལ་བ་མཚོན་འདུག
༡༩༨༢ ལོར། ཨ་རིས་ཁ་པུ་འཇིགས་སྐྱོར་མིང་ཐོའི་གྲས་བཞག་རྗེས། རྒྱལ་ཁབ་དེར་མཚོན་ཆ་ཕྱིར་འཚོང་དང་ཉོ་ཚོང་བཀག་རྒྱ་བསྡམས་ཐོག་དཔལ་འབྱོར་ཐད་རོགས་སྐྱོར་ཡང་བྱེད་ཀྱི་མེད། ཨ་རིས་རྒྱལ་ཁབ་ཅིག་མུ་མཐུད་ནས་འཇིགས་སྐྱོར་རྒྱལ་ཁབ་ཏུ་རྩི་མིན་ཚད་གཞི་ནི་ཟླ ༦ རིང་དེ་འབྲེལ་བྱ་འགུལ་ཡོད་མེད་ཀྱི་སྒོ་ནས་ཐག་གཅོད་ཀྱི་ཡོད་པ་ཡིན་འདུག་ལ། ཉིན་དེར་ཨོ་བྷ་མས་རྒྱལ་ཚོགས་ཀྱི་དབུ་ཁྲིད་ལ་བཏང་བའི་ཡི་གེའི་ནང་། ཁུ་པས་འདས་པའི་ཟླ་ངོ ༦ རིང་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་ལ“རྒྱབ་སྐྱོར་གང་ཡང”བྱས་མེད་པ་དང་། ཁུ་པ་སྲིད་གཞུང་གིས་ཀྱང་དེང་ཕྱིན་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་མི་བྱེད་པར་ཁས་བླངས་སྟབས། ཁོས་ཁུ་པ་འཇིགས་སྐྱོར་རྒྱལ་ཁབ་ཀྱི་མིང་ཐོ་ལས་བསུབ་རྒྱུར་འཐད་པ་ཡིན་ཞེས་བརྗོད་ཡོད་འདུག
ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨེམ་ནེ་སི་ཐྲིས་ཉིན་དེར། ན་ལོ་ཟླ ༡༢ པར་ཁུ་ཨ་གཉིས་ཀྱི་འབྲེལ་ལམ་རྒྱུན་ལྡན་དུ་གྱུར་རྗེས་ཨོ་བྷ་མས་རྒྱལ་དོན་ཁང་ལ་ཁུ་པ་འཇིགས་སྐྱོར་མིང་ཐོ་ལས་བསུབ་མིན་ཐད་དཔྱད་འཇོག་བྱ་རུ་བཅུག་པ་དང་། དཔྱད་ཞིབ་བརྒྱུད་ཅིང་དེའི་ཐོག་ལ་ཁུ་པ་སྲིད་གཞུང་གིས“ཁག་ཐེག”ཀྱང་བྱས་སྟབས། རྒྱལ་དོན་དབུ་གཙོས་ཁུ་པ་འཇིགས་སྐྱོར་རྒྱལ་ཁབ་ཀྱི་མིང་ཐོ་ལ་བསུབ་པའི་ཆ་རྐྱེན་ཚང་འདུག་པའི་ངོས་འཛིན་བྱས་ཡོད་འདུག
ཨ་ཕྱོགས་ཀྱི་འགྲོ་རིམ་ལྟར་ན། ཨོ་བྷ་མས་རྒྱལ་ཚོགས་ལ་ཡི་གེ་བཏང་རྗེས་རྒྱལ་ཚོགས་ཀྱིས་ཉིན ༤༥ རིང་འཐད་མིན་ཐག་གཅོད་བྱེད་དགོས་པ་ཡིན་འདུག ཡང་ཁ་པུ་འཇིགས་སྐྱོར་རྒྱལ་ཁབ་ལས་བསུབ་རྒྱུར་གྲོས་མི་ཁ་ཤས་འཐད་པ་མིན་ནའང་། ཨོ་བྷ་མའི་ཐག་གཅོད་རྩིས་མེད་བཟོ་དགོས་ན་རྒྱལ་ཚོགས་ཀྱིས་ཁྲིམས་གསར་དུ་བཙུགས་པ་བརྒྱུད་འགྲུབ་ཐུབ་སྟེ། རྒྱལ་ཚོགས་ཀྱི་གྲོས་མི་གསུམ་ཆ་གཉིས་ཡན་ཆད་འཐད་པ་བྱུང་དགོས་ལ། འདི་ནི་ཧ་ལམ་མི་སྲིད་པ་ལྟ་བུ་ཡིན་སྟབས། ཁུ་པ་འཇིགས་སྐྱོར་རྒྱལ་ཁབ་ཀྱི་མིང་ཐོ་ལས་བསུབ་རྒྱུ་དེ་གཏན་འཁེལ་ལྟ་བུ་ཆགས་འདུག
ཉིན ༣ གོང་། པ་ན་མར་མེ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་ལྷན་ཚོགས་སྐབས་ཨོ་བྷ་མ་དང་ཁུ་པའི་དབུ་ཁྲིད་ཁར་སི་ཐྲོར་གཉིས་ཐུག་འཕྲད་བྱུང་ནི། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་དུས་རབས་ཕྱེད་ཀའི་རྗེས་ཐུག་འཕྲད་ཐེངས་དང་པོ་ཡིན་པ་དང་། ཨོ་བྷ་མས་ཨ་རིས་ཁུ་པ་དང་ཐད་ཀར་འབྲེལ་བ་བྱེད་འོས་ལ་ཕྱོགས་གཉིས་ཀས་གུས་ཞབས་དང་བརྩི་མཐོང་བྱེད་ཞོར་མི་མཐུན་པའང་ཉར་ཆོག་ཅེས་བརྗོད་ཅིང་། ཁར་སི་ཐྲོར་གྱིས་ཨར་ཕྱོགས་དང་མཉམ་དུ་གནད་དོན་གང་ཅིའི་ཐད་གླེང་མོལ་བྱ་འདོད་ཡོད་པ་དང་། ཁྱད་པར་དུ་ཨ་རིས་ཁུ་པར་ཉོ་ཚོང་བཀག་སྡོམ་བྱས་པ་མཇུག་རྫོགས་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)