ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀེ་རི་སེ་ནས་དཔལ་འབྱོར་ཉེས་གསོག་དོགས་ཅན་དང་པོ་དེ་བསྒྲོལ་སྐྱེལ་རྩིས་སྤྲོད་བྱས།

2015-04-13
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་སྤྱི་བདེ་པུའི་ཝ་རྔོན་མངའ་ཁོངས་ཕྱིའི་ལས་དོན་ཚོགས་ཆུང་གིས་ཕྱིར་བྲོས་དཔལ་འབྱོར་ཉེས་གསོག་དོགས་ཅན་ཧུའུ་ག་གེ་མོ་ཁྲིམས་ལྟར་རྒྱལ་ནང་དུ་བསྒྲོལ་སྐྱེལ་རྩིས་སྤྲོད་བྱས་ཤིང་། དེ་ནི“ཝ་རྔོན། 2015ལོའི”ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཀེ་རི་སེ་ནས་དཔལ་འབྱོར་ཉེས་གསོག་དོགས་ཅན་བསྒྲོལ་སྐྱེལ་རྩིས་སྤྲོད་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། 2013ལོའི་ཟླ་བཞི་པའི་ཟླ་མཇུག་ཏུ་ཆུས་ཀྲོའུ་པའེ་ཐའེ་ཚོགས་པ་ཚད་ཡོད་ཀུང་སིའི་དངོས་སུ་ཚོད་འཛིན་བྱེད་མི་ཧུའུ་ག་གེ་མོ་དང་ནང་མི་སེབ་རུ་སི་རུ་བྲོས་བྱོལ་དུ་ཕྱིན་ནས་ད་བར་ལོག་མེད་པ་མ་ཟད། ཁྲིམས་འགལ་ངང་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བསྡུ་རུབ་བྱས་པ་དང་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་400གཡར་བ་དེ་དག་ཁྱེར་བས་ཀྲེ་ཅང་ལུང་ཡིའུ་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་དྲ་ཐོག་ནས་རྗེས་འདེད་བཏང་ཡོད། དེ་རྗེས་ཀྲེ་ཅང་ཞིང་ཆེན་ལུང་ཡིའུ་རྫོང་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཧུའུ་ག་གེ་མོ་འཛིན་བཟུང་གི་ཆོག་མཆན་སྤྲད་ཡོད། ན་ནིང་ཟླ་བཅུ་པར་དུས་འགོའི་ལས་དོན་གཏིང་ཟབ་སྤེལ་བ་དང་སྤྱི་བདེ་པུའི་མཐུན་སྦྱོར་འོག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་ཁོ་པར་བརྡ་ཁྱབ་དམར་པོ་བཏང་ཞིང་། ཟླ་11ཚེས་23ཉིན་ཀེ་རི་སེའི་ཨ་ཐེན་སི་གནམ་ཐང་དུ་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་བཀག་ཉར་བྱས། སྤྱི་བདེ་པུས་འཕྲལ་དུ་རྒྱལ་ནང་དུ་བསྒྲོལ་སྐྱེལ་རྩིས་སྤྲོད་ཀྱི་གོ་རིམ་ལག་བསྟར་བྱེད་འགོ་བཙུགས་པ་དང་། གྱོད་གཞི་སྒྲུབ་གཉེར་བྱེད་མཁན་ཚན་པས་མཁོ་འདོན་བྱས་པའི་དཔང་རྟགས་ཁུངས་བཙན་དང་བཅའ་ཁྲིམས་ཀྱི་གཞི་འཛིན་སར་བརྟེན་པས་མཐར་ཀེ་རི་སེ་ཁྲིམས་ཁང་གིས་ཁོ་པ་རྒྱལ་ནང་དུ་བསྒྲོལ་སྐྱེལ་རྩིས་སྤྲོད་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
   སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོ་དང་ཀེ་རི་སེ་དབར་བསྒྲོལ་སྐྱེལ་རྩིས་སྤྲོད་ཀྱི་ཆིངས་ཡིག་ལ་ད་དུང་མིང་རྟགས་བཀོད་མེད་པས་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ལ་བརྡ་ཁྱབ་དམར་པོ་བཏང་བ་མ་ཟད། ཀེ་རི་སེ་ཉེན་རྟོག་ཕྱོགས་ལ་བསྒྲོལ་སྐྱེལ་རྩིས་སྤྲོད་ཀྱི་རེ་འདུན་ཞུ་ཡིག་དང་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་ནས་ཀེ་རི་སེ་དང་གྲུབ་འབྲས་ཐོབ་པའི་ངང་དཔེ་མཚོན་གྱོད་དོན་རེ་ཟུང་ལ་བསྒྲོལ་སྐྱེལ་རྩིས་སྤྲོད་ཀྱི་མཉམ་ལས་བྱས་པས་སླད་ཕྱིན་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་ཁག་དབར་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་བྱ་ཆེད་དཔྱད་གཞིའི་མེ་ལོང་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག