ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་མཚོ་སྔོན་གྱིས་བོད་རིགས་ས་ཁུལ་གྱིས་ཁུལ་དེའི་དབང་པོར་སྐྱོན་ཚབས་ཆེན་ཤོར་བའི་འཚོ་བའི་ཁ་གསབ་དངུལ་དེ་སྔའི་སྒོར་50ནས་སྒོར་100བར་མཐོ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་དུ་བོད་རིགས་རང་སྐྱོང་ཀྲོའུ་དྲུག་ཡོད་པ་དང་བོད་རིགས་ས་ཁུལ་གྱི་རྒྱ་ཁྱོན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་97%ཙམ་ཟིན་པ་དང་མི་འབོར་ཁྲི་160ཙམ་ཟིན་ཡོད། མཚོ་སྔོན་བོད་རིགས་ས་ཁུལ་དུ་དབང་པོ་སྐྱོན་ཅན་མི་འབོར་ཁྲི་5.5ཡོད་པའི་ནང་དབང་པོར་སྐྱོན་ཚབས་ཆེན་ཤོར་མཁན་ཁྲི་3ཡོད་པ་རེད།
མཚོ་སྔོན་གྱིས་2012ལོ་ནས་བཟུང་བོད་རིགས་ས་ཁུལ་དང་དེ་བཞིན་ཉེ་འཁོར་གྲོང་ཁུལ་གྱི་དབང་པོར་སྐྱོན་ཚབས་ཆེན་ཤོར་བའི་ཟླ་རེའི་ཆ་སྙོམས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་སྔ་རྗེས་སུ་མཐོ་རུ་བཏང་བ་རེད། ད་ཐེངས་ལེགས་སྒྲིག་བྱས་པའི་ནང་གཅིག་ནས་དབང་པོར་སྐྱོན་ཚབས་ཆེན་ཤོར་བའི་ཁ་གསབ་འགན་ལེན་ཁྱབ་ཁོངས་ཆེ་རུ་བཏང་སྟེ་དེ་སྔའི་མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བའི་འགན་ལེན་དང་འགན་ལེན་ལྔའི་ནང་བཅུག་མེད་པའི་དབང་པོར་སྐྱོན་ཚབས་ཆེན་ཤོར་བ་འགན་ལེན་བྱེད་པ་ནས་དཔལ་འབྱོར་ཡོང་འབབ་བརྟན་པོ་མེད་པའི་དབང་པོར་སྐྱོན་ཚབས་ཆེན་ཤོར་བ་ཚང་མར་འགན་ལེན་བྱེད་པའི་བར་འགྱུར་ལྡོག་བཏང་ཡོད། དབང་པོར་སྐྱོན་ཚབས་ཆེན་ཤོར་བའི་འཚོ་བའི་ཁ་གསབ་དེ་ཆེད་དོན་ཁ་གསབ་ཏུ་བརྩིས་ནས་ཁྱིམ་ཚང་གི་ཡོང་འབབ་ལ་མི་བལྟོས་པར་དབང་པོར་སྐྱོན་ཚབས་ཆེན་ཤོར་བའི་འཚོ་བའི་ཁ་གསབ་དང་མ་མཐའི་འགན་ལེན་རོགས་སྐྱོབ་གཉིས་ཀ་ལོངས་སྤྱོད་ཐུབ་པ་བྱས་ཡོད་པ་དང་། གཉིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁ་གསབ་ཚད་གཞི་གཅིག་གྱུར་བཟོས་ནས་ཞིང་འབྲོག་ཁུལ་གྱི་དབང་པོར་སྐྱོན་ཚབས་ཆེན་ཤོར་བའི་ཟླ་རེའི་ཆ་སྙོམས་ཀྱི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དེ་སྔའི་དངུལ་སྒོར་50ནས་སྒོར་100བར་མཐོ་རུ་བཏང་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)