ཧུའུ་ནན་ནས་ཡིན་པའི་ཀྲུའུ་ཆོན་ཧྥེ་ཀྲུང་གོའི་སྐྱེས་མ་ཕྱུག་ཤོས་གསར་པར་ཆགས་འདུག་ཅིང་། ལན་སི་ཚན་རྩལ(༣༠༤༣༣)ཟླ༣པའི་ཚེས༡༨ཉིན་ཁྲོམ་རར་བཀྲམ་རྗེས། རྐང་དངུལ་འཛིན་ལོར་གྱི་རིན་གོང་བསྟུད་མར་ཡར་ལ་འཕར་འདུག ཁ་སང་རྐང་དངུལ་འཛིན་ལོར་རེར་གོང་ཚད་སྒོར༧༠.༩༨ཟིན་འདུག་ཅིང་། ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ཆོན་ཧྥེའི་མ་རྩ་སྒོར་དུང་ཕྱུར་༥.༩༢་ཅན་གྱི་རྐང་དངུལ་འཛིན་ལོར་གྱི་གོང་ཚད་སྒོར་དུང་ཕྱུར་༤༢༠.༢ལ་སླེབས་ཡོད་པས། ཀྲུང་གོའི་སྐྱེས་མ་ཕྱུག་ཤོས་སུ་ཆགས་འདུག་ཅིང་། དེ་དང་ཆབས་ཅིག་ལན་སི་ཚན་རྩལ་གྱི་རྐང་དངུལ་འཛིན་ལོར་གྱི་སྤྱིའི་རིན་གོང་ཡང་ལས་ལམ་གསར་འབྱེད་ཚན་པའི་ཨང་གསུམ་པར་གྱུར་འདུག དེ་ལྟར་ནའང་ལས་ལམ་གསར་འབྱེད་ཚན་པའི་རྒྱལ་བོ་ལྟ་བུའི་ལུའུ་ཧྲི་དྲ་བའི(༣༠༠༡༠༤)རྐང་དངུལ་འཛིན་ལོར་གྱི་རིན་སྒོར་དུང་ཕྱུར་༧༦༥.༤༠དང་བསྡུར་ན་ད་དུང་བར་ཐག་ཅུང་ཡོད་པ་རེད།
བརྗེ་རེས་ཉིན་དགུའི་རིང་། ཀྲུང་གོའི་སྐྱེས་མ་ཕྱུག་ཤོས་སུ་གྱུར་པ།
རྐང་དངུལ་འཛིན་ལོར་འཛིན་པ་གཅིག་སྡུད་ཡིན་པ་སོགས་ཀྱི་དབང་གིས། ལན་སི་ཚན་རྩལ་ནི་མ་རྩ་གཏོང་མཁན་དག་གི་མིག་མདུན་དུ་སྡེ་ཁོངས་ཧུའུ་ནན་ནས་ཡིན་པའི་ཀུང་སི་ཚོང་རར་ཐོན་པ་ཞིག་ཡིན་པ་མ་ཟད། ཚོང་ར་མཐོང་དཀོན་པའི་སྐྱེས་མ་བདག་དོམ་པ་ཞིག་གི་གཏམ་རྒྱུད་ཀྱང་ཡོད་པ་མ་ཟད། དེང་ཆར་ཁྱད་མཚར་བའི་གོ་རིམ་དེ་ཀུན་གྱིས་དོ་སྣང་ཚ་པོའི་སྐབས་སུ་སླེབས་ཡོད་པ་རེད།
གཞི་གྲངས་ལ་གཞིགས་ན། ལན་སི་ཚན་རྩལ་ཚོང་རར་ཐོན་པའི་ཉིན་དང་པོ་ནས་རྐང་དངུལ་འཛིན་ལོར་བཙོང་རིན་སྒོར༢༢.༩༩ནས་༣༣.༡༡ལ་འཕར་པ་དང་། དེའི་རྗེས་ཀྱི་ཉིན་བརྒྱད་རིང་བསྟུད་མར་ཡར་འཕར་བ་ཆགས་འདུག ཁ་སང་རྐང་དངུལ་འཛིན་ལོར་གྱི་རིན་སྒོར་འཛིན་ལོར་རེར་སྒོར༧༠.༩༨ཡིན་ལ། ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ཆོན་ཧྥེའི་མ་རྩ་སྒོར་དུང་ཕྱུར༥.༩༢གྱི་རྐང་དངུལ་འཛིན་ལོར་གྱི་གོང་ཚད་སྒོར་དུང་ཕྱུར༤༢༠.༢ལ་སླེབས་ཡོད་པ་མ་ཟད། ད་ལོའི་ཟླ༣པར་བསྒྲགས་པའི་༢༠༡༥ལོའི་ཧྥུའུ་པི་སིའི་འཛམ་གླིང་ཡོངས་ཀྱིས་ཕྱུག་པོའི་མིང་ཐོར་བསྒྲགས་པར་གཞིགས་ན། མིག་སྔར་ཀྲུང་གོའི་སྐྱེས་མ་ཕྱུག་ཤོས་ནི་ཁང་སའི་ཐོན་ལས་གཉེར་མཁན་ཏེ་ཧྥུ་ཧྭ་རྒྱལ་སྤྱིའི་ཁྲིང་ལི་ཧྭ་ཡིན་ལ། མ་དངུལ་གཙང་མ་ཨ་སྒོར་དུང་ཕྱུར་༦༡(ཁ་སང་གི་དངུལ་ལོར་འཛའ་ཐང་ལྟར་བཅག་ན་མི་དམངས་ཤོག་སྒོར་དུང་ཕྱུར༣༧༨.༦༡)ཡོད་རེད།་ དེ་ལྟར་གཞིགས་ན་ཀྲུང་གོའི་སྐྱེས་མ་ཕྱུག་ཤོས་ཀྱི་གོ་ས་ཀྲུའུ་ཆོན་ཧྥེས་ཟིན་འདུག་པ་རྟོགས་ཐུབ།
རྐང་འཛིན་དངུལ་ལོར་ཉོ་མཁན་གྱིས་དངུལ་ལོར་རྩིས་འདང་ཆེ་བ།
“ལན་སི་ཚན་རྩལ་གྱི་བློ་མཐུན་རྣམས་ཀྱིས་སེམས་ཤུགས་བརྟན་པོ་བྱེད་དགོས། དེ་རིང་གི་ཉོ་ཚོང་ཚད་ཀྱིས་རྐང་དངུལ་འཛིན་ལོར་བཙོང་ཚད་ཀྱི་བརྒྱ་ཆའི༠.༥ཙམ་ལས་ཟིན་མི་འདུག་པས། ད་དུང་དེ་ལས་མང་ཤོས་ཤིག་ཏུ་འཕར་ཆོག”ཅེས་སྐུ་ཞབས་ཀྲང་གིས་ཟླ་འདིར་ལན་སི་ཚན་རྩལ་གྱི་རྐང་དངུལ་འཛིན་ལོར༥༠༠ཉོས་འདུག་ཅིང་། འཛིན་ལོར་འདིར་ཚོང་རའི་རིན་ཐང་ཆེན་པོ་ལྡན་པར་འདོད་ནས་མུ་མཐུད་དུ་དེ་གའི་རྐང་འཛིན་དངུལ་ལོར་ཉོ་བསམ་འདུག “ཀུན་གྱིས་རྐང་འཛིན་དངུལ་ལོར་རིན་ཆེན་གསེར་ལྟ་བུའི་འདང་རྩིས་ཆེ་བས། ཉོ་ཤིན་ཏུ་ཁག་པོ་འདུག ག་ལེར་བྱས་ཚེ་བཙོང་ཚད་ཇེ་མང་དུ་གཏོང་བཞིན་ཡོད་ནའང་། དངུལ་ལོར་ལེགས་ཤོས་ཐོབ་ཤིན་ཏུ་དཀའ་མོ་རེད” ཅེས་བརྗོད་བྱུང་།
གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། སྐུ་ཞབས་ཀྲང་གིས་རྐང་འཛིན་དངུལ་ལོར་གྱི་རིན་གོང་རེ་རེ་སྒོར་༡༠༠ལ་ཟིན་ན་ཉོ་བསམ་འདུག “ཐོག་མའི་འཕར་ཚད་མཚམས་བཞག་རྗེས་བརྗེ་ཚོང་མི་རྒྱག་པར། སེམས་ཤུགས་ཅན་དག་གིས་རིན་གོང་ཚོད་དཔག་བྱས་ནས་གོང་ཚད་་སྒོར་དུང་ཕྱུར༦༠༠ནས་དུང་ཕྱུར༡༠༠༠ལ་སླེབས་ཐུབ་ལ། ཡང་ཅིག་བཤད་ན་རྐང་འཛིན་དངུལ་ལོར་གྱི་གོང་ཚད་ཆེས་མཐོའི་སྒོར༡༥༠གཡས་གཡོན་ལ་སླེབས་ཐུབ།”
རྐང་འཛིན་དངུལ་ལོར་གྱི་རིན་གོང་རིམ་གྱིས་འཕར་བ་དང་བསྟུན། ལན་སི་ཚན་རྩལ་གྱི་སྤྱིའི་རིན་སྒོར་ཡང་ལུའུ་ཧྲི་དྲ་བ་དང་ཤར་ཕྱོགས་འབྱོར་ཕྱུགས(༣༠༠༠༥༩)གཉིས་ཀྱི་རྗེས་ཏེ་ལས་ལམ་གསར་འབྱེད་ཚན་པའི་ཨང་གསུམ་པར་ཆགས་འདུག གཞི་གྲངས་ལ་གཞིགས་ན། མིག་སྔར་ལུའུ་ཧྲི་དྲ་བ་ནི་སྤྱིའི་རིན་སྒོར་དུང་ཕྱུར་༧༦༥.༤༠ཡིས་ལས་ལམ་གསར་འབྱེད་ཚན་པའི་རྩེ་རུ་སོན་འདུག་ཅིང་། དེའི་རྗེས་ནི་ཤར་ཕྱོགས་འབྱོར་ཕྱུགས་སྟེ་སྤྱིའི་རིན་སྒོར་དུང་ཕྱུར༤༩༨.༢༡ལ་སླེབས་འདུག དེ་ལྟར་ནའང་། མིག་སྔའི་གོང་ཐང་ཁྱབ་བསྒྲགས་ཀྱི་གནས་ཚུལ་ལ་གཞིགས་ན། ལན་སི་ཚན་རྩལ་གྱི་རྐང་འཛིན་དངུལ་ལོར་གྱི་རིན་གོང་སྒོར་དུང་ཕྱུར༤༧༧.༩༥ལ་འཕར་ནས་ཨང་གཉིས་པ་སྟེ་ཤར་ཕྱོགས་འབྱོར་ཕྱུགས་དང་བར་ཐག་ཆེན་པོ་མི་འདུག་མོད། ལུའུ་ཧྲི་དྲ་བའི་མིག་སྔའི་སྤྱིའི་རིན་སྒོར་དང་བརྒལ་དགོས་ཚེ། ལན་སི་ཚན་རྩལ་གྱི་རྐང་འཛིན་དངུལ་ལོར་གྱི་རིན་གོང་ངེས་པར་དུ་སྒོར༡༡༤.༤༡ཡན་ལ་སླེབས་དགོས།
ལས་ལམ་གསར་འབྱེད་ཚན་པའི“རིན་གོང་རྩེ་གྲའི་རྐང་འཛིན་དངུལ་ལོར”སུ་ཚང་ལ་དབང་ངམ།
ཉེ་ལམ་གྱི་ཆ་འཕྲིན་ལྟར་ན། ཀུ་ཤུས་ཀྲུང་གོའི་ནང་སརiPhone་རྙིང་པ་གསར་བརྗེའི་ལས་གཞི་ལག་བསྟར་བྱེད་འཆར་ཡོད་ཅིང་། རྒྱལ་ནང་གི་འཛད་སྤྱོད་པས་ཀུ་ཤུའི་ཚོང་ཁང་དུ་iPhoneརྙིང་པར་སྒོར་ཁ་སྣོན་གྱིས་ཐོན་རྫས་གསར་པ་ལེན་ཐུབ། གལ་ཏེ་ཆ་འཕྲིན་གཏན་འཁེལ་ཡིན་ཚེ། ཀུ་ཤུའི་འདུ་ཤེས་འཛིན་སྟངས་ཅན་གྱི་ལན་སི་ཚན་རྩལ་ལ་མཚོན་ལ་དགེ་མཚན་མི་དམན་པ་ལྡན་ཞིང་། ལས་ལམ་གསར་གཏོད་ཚན་པའི་“རྐང་འཛིན་དངུལ་ལོར་རྩེ་གྲ”དེའང་ལུའུ་ཧྲི་དྲ་བ་དང་ལན་སི་ཚན་རྩལ་གཉིས་ཀྱི་བར་འགྲན་རྩོད་ཚ་བྲིན་བྱུང་རྒྱུ་རེད།
ཀྲུའུ་ཧྥེ་ཆོན་ནི་ཞོར་ལས་གཉེར་མཁན་ནས་སྐྱེས་མ་ཕྱུག་ཤོས་སུ་གྱུར།
༡༩༧༠ལོར། ཀྲུའུ་ཧྥེ་ཆོན་ཧུའུ་ནན་ཞིང་ཆེན་ཞང་ཤང་གྲོང་ཁྱེར་ཧུའུ་ཐེན་གྲོང་བརྡལ་གྱི་གྲོང་ཚོ་ཆུང་ངུ་ཞིག་ཏུ་སྐྱེས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ། ཕ་རྒན་གྱིས་བཟའ་མི་གང་པོ་ཁྲིད་དེ་ཀོང་ཏུང་ཕྱོགས་སུ་ཁ་གསོ་བར་ཕྱིན། ཀྲུའུ་ཆོན་ཧྥེ་ཧྲིན་ཀྲིན་དུ་ཡོང་ནས་ཧྲིན་ཀྲིན་སློབ་ཆེན་གྱི་ཉེ་ལོགས་ནས་ལས་ཀ་ཞིག་གཉེར་ཞིང་། ཉིན་དཀར་ཆུ་ཚོད་ཤེལ་ལེབ་ལས་སྣོན་ཁང་དུ་ཞོར་ལས་གཉེར་པ་དང་དགོང་མོ་སློབ་གྲྭ་ཞུགས་ནས་སློབ་གཉེར་གནང་། ལོ་ན་གཞོན་པའི་ཁོ་མོས་རྩིས་གཉེར་པའི་ཆེད་ལས་སློབ་སྦྱོང་གནང་པས། ནམ་རྒྱུན་རྩིས་གཉེར་པར་འཛིན་ཤོག་སྦྱར་པའམ། རྩིས་ཐོ་འགོད་པ་སོགས་ཀྱི་ལས་རོགས་བྱས།
འཚོ་བ་རོལ་ཐབས་ཀྱི་ནུས་རྩལ་མང་པོ་ཞིག་ལ་ནང་བྱན་བྱུང་ཆེད། ཀྲུའུ་ཆོན་ཧྥེ་བདག་དོམ་པར་ཡིག་ཚད་སྤྲད་མྱོང་ལ། ཟོང་སྐྱེལ་རླངས་འཁོར་གྱི་འཛིན་ཡིག་ལའང་ཡིག་ཚད་སྤྲད་མྱོང་། སྔོན་ཆད་ཞོར་ལས་གཉེར་མཁན་ཁོ་མོས་ལོ་ངོ་ཉི་ཤུའི་རིང་གི་ལས་ལམ་གསར་འབྱེད་ཁྲོད། དཀའ་སྤྱད་འབད་བརྩོན་གནང་མྱོང་། ཁོ་མོས། ལས་ལམ་གསར་འབྱེད་ལ་ཕྱིར་འདང་བརྒྱབ་ཚེ། དེ་ནི་རྔུལ་ནག་ཁྲག་ལ་བསྲེས་པའི་དཀའ་སྡུག་གི་བརྒྱུད་རིམ་ཞིག་རེད་ཟེར།
ལོ་ངོ་དུ་མའི་རིང་། ལན་སི་ཚན་རྩལ་ཧུའུ་ནན་འཕེལ་རྒྱས་མགྱོགས་མྱུར་བྱུང་། ཐོན་རྫས་ཡང་ཁ་པར་གྱི་ཤེལ་ལེབ་ནས་སྟབས་བདེ་གློག་ཀླད་དང་། ལག་ཐོགས་གློག་ཀླད། སྟེགས་འཇོག་གློག་ཀླད་སོགས་འཛད་སྤྱོད་རིགས་ཀྱི་གློག་རྡུལ་ཐོན་རྫས་སུ་ལས་རྒྱུན་དར་བ་རེད། དེང་ཆར། ལན་སི་ཚན་རྩལ་ནི་འཛམ་གླིང་ཡོངས་སུ་ཚོད་འཛིན་བྱེད་ནུས་ལྡན་པའི་ཤེལ་ལེབ་ངོས་ཆེས་ཆེ་བའི་མཁོ་འདོན་ཚོང་རྫས་སུ་གྱུར་ཡོད། ༢༠༡༤ལོར་འཛམ་གླིང་ཡོངས་ཀྱི་ཚོང་རའི་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད་ཅིང་། ཡོང་འབབ་སྒོར་དུང་ཕྱུར༡༤༠ལ་སླེབས་པ་དང་། ཁེ་སྤོགས་གཙང་མ་སྒོར་དུང་ཕྱུར༡༡.༨ལྷག་ལ་སླེབས་ཡོད། ལས་མིའང་མི་གྲངས་ཁྲི༨ལྷག་ལ་སླེབས་ཡོད་ཕྱིར། ཀྲུའུ་ཆོན་ཧྥེ་ཡང་དེང་སྐབས་འཇོན་ཐང་ལྡན་པའི“འཛམ་གླིང་ཡོངས་ཀྱི་ཁ་པར་ཤེལ་ལེབ་སྐྱེད་མར”གྱུར་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)