ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཇར་མན་རྩོམ་རིག་གི་དེད་དཔོན་ཏེ་ཇོན་ཐེར་གི་ར་སི་ཚེ་ལས་འདས།

2015-04-14 ཟླ་བ།
ཇོན་ཐེར་གི་ར་སི། (1927-2015)
 
   ཟླ4པའི་ཚེས13ཉིན།  ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན།  འཇར་མན་གྱི་རྩོམ་པ་པོ་ཆེན་མོ་ཇོན་ཐེར་གི་ར་སི་མཆོག་འཇར་མན་གྱི་གྲོང་ཁྱེར་རེ་པེ་ཁི་ཡི་སྨན་ཁང་ཞིག་ཏུ་ཚེ་ལས་འདས་ཤིང་།  དགུང་ལོ87ལ་སོན་ཡོད་པ་རེད།  
   ཇོན་ཐེར་གི་ར་མཆོག་ནི་དེང་དུས་འཇར་མན་གྱི་རྩོམ་པ་པོ་གལ་ཆེ་ཤོས་དེ་ཡིན་ཞིང་།  སྐད་ཆ་གསར་ཉམས་དོད་ཅིང་ཀུན་རྟོག་གི་ཁམས་འགྱུ་བ་ཤིན་ཏུ་ཡངས་པའི་བརྩམས་ཆོས་དག་ལ་བརྟེན་ནས།  སྔ་ཕྱིར་བྱ་དགའ་མང་པོ་ཐོབ་སྟེ།  མཐར“རྩེད་མཚར་གྱི་ཁྲོད་དུ་སྐྱོ་གར་གྱི་སྙིང་སྟོབས་མངོན་ཏེ་མིའི་རིགས་ཀྱི་བརྗེད་བཞིན་པའི་ལོ་རྒྱུས་ཀྱི་ངོ་འབག་བཤུས་པ”ཡི་རྒྱུ་མཚན་ལ་བརྟེན་ནས།  སྤྱི་ལོ1999ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་རེད།  ཁོང་གི་སྒྲུང་ཆེན་མོ《ལྕགས་རྔ》ལས་བྱས་པའི་གློག་བརྙན་ལའང་སྐབས52པའི་ཨོ་སི་ཁའི་སྐད་རིགས་གཞན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་ཡང་ཐོབ།
   ཁོང་གི་བརྩམས་ཆོས་གཙོ་བོ་ལ《ལྕགས་རྔ》དང《ཞི་མི་དང་བྱི་བ》། 《ཁྱིའི་ལོ་ཟླ》སོགས་ཡོད།  ཁོང་གིས་ད་དུང་སྙན་ངག་དང་ཟློས་གར།  འཇིམ་བཟོ།  རི་མོ་ལ་སོགས་སྒྱུ་རྩལ་གྱི་ལས་གཞན་ཡང་གཉེར་ཏེ་འབྲས་བུ་མི་དམན་པ་བླངས་ཡོད།  
   ཁོང་སྐུ་གཤེགས་པ་ཐོས་རྗེས།  དབྱིན་ཇིའི་རྩོམ་པ་པོ་སྐད་གྲགས་ཅན་སལ་མན་ར་ཧྲི་རྡེ་ཡིས་རང་གི་ཐེ་ཐེར་དུ།  “སྐྱེས་བུ་རླབས་པོ་ཆེ་ཞིག་དང་།  དེད་དཔོན་ཆེན་མོ།  གྲོགས་པོ་ཞིག་མེད་སོང་བས་ཡིད་རབ་ཏུ་སྐྱོ།  ཁོ་ལ་རྔ་རྡུང་བར་ཞུ།  ཨོ་སི་ཁ་ཆུང་ཆུང”ཞེས་བྲིས་ཏེ་མྱ་ངན་ཞུས་ཡོད་པ་རེད།

ཇོན་ཐེར་གི་ར་སི་ཉིད་འཇིམ་བཟོ་པ་ཞིག་ཀྱང་ཡིན།
   ཁོང་གིས1991ལོར《ཕ་རི་སིའི་དཔྱད་པ》ཡི་སྐུ་བཅར་དང་དུ་ལེན་དུས།  གལ་ཏེ་ང་རང་སུའེ་ཏེན་ནམ།  ཡང་ན་སུའེ་ཙེར་གྱི་རྩོམ་པ་པོ་ཞིག་ཡིན་ཚེ།  ངས་ཧ་ཅང་ཐལ་ཆེ་བའི་ངང་ནས་དགོད་གཏམ་དང་ཀུ་རེ་འདྲ་ཞིག་བརྩེས་པས་ཆོག་མོད།  ང་རང་འཇར་མན་པ་ཞིག་ཡིན་པས།  ངས་ངེས་པར་དུ་འབྲི་དགོས་པ་ཞིག་ཡོད།  དེ་ལ་གདམ་ག་བྱ་རྒྱུ་མེད་ཅེས་གསུངས་པ་ནང་བཞིན།  ཁོས་བརྩམས་ཆོས་གཙོ་བོ་གསུམ་པོ་དག་ཀྱང་འཇར་མན་གྱི་འདས་པའི་དུས་ཀྱི་ལོ་རྒྱུས་སྐྱུག་བྲོ་བ་དང་མུན་ནག་པ་དེ་དག་ཟུར་ཟ་བ་དང་མྱ་ངན་པའི་གནས་སུ་བྱས་ནས།  རྟོག་པའི་ཁམས་ཡངས་ཤིང་ཚིག་རྣོ་ལ།  ཡ་མ་བརླ་དང་བདེན་པ་གཅིག་ཏུ་བསྲེས་པ།  ཀུ་རེའི་ཀློང་ནས་ཁྲོ་བ་སྟོན་པ་བཅས།  མིའི་རིགས་ཀྱི་ལོ་རྒྱུས་ངན་པ་ལ་རྣག་ཐོག་ཁབ་གཙགས་གནང་ཡོད་པ་རེད་པས།  འཇར་མན་རྩོམ་རིག་གི་ཉེ་དུས་ཀྱི་དེད་དཔོན་ལྟ་བུ་ཞིག་དང་ཞི་བདེའི་སླད་དུ་འབད་པ་ལྷུར་ལེན་བྱ་མཁན་ཞིག་ཏུ་གྱུར་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག