ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་དབྱང་སྒྲིག་ཨུད་ཀྱིས་ས་གནས་ཁག་གཏན་འབེབས་བརྒྱད་དང་འགལ་བའི་གྱོད་གཞི 112 བརྡ་ཁྱབ་བཏང་།

2015-04-23 པད་མ།
   པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་དགོང་མོ་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་དྲ་ཚུགས་ཐོག་ཉེ་དུས་ས་གནས་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་ཁག་112ཡོངས་བསྒྲགས་བྱས་པ་རེད།
   ལྔ་གཅིག་ངལ་རྩོལ་དུས་ཆེན་སླེབས་ཉེའི་དུས་སུ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གཙོ་གནད་དུས་ཚོད་དང་ལྷུ་ཚིགས་ལ་མུ་མཐུད་དམ་འཛིན་དང“སྤྱོད་ཚུལ་བཞིའི”རྣམ་པ་གསར་པ་དང་འཕེལ་ཕྱོགས་གསར་པར་དམ་འཛིན་ནན་པོ་བྱས་ཏེ་གཞུང་དངུལ་སྤྱད་དེ་ཟ་འཐུང་རྒྱས་སྤྲོས་བྱེད་པ་དང་། ཡུལ་སྐོར་དུ་འགྲོ་བ། དུས་ཆེན་གྱི་ལག་རྟགས་སྤྲོད་པ་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་མི་ཐོན་པ་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་ཐེར་འདོན་གོང་ཞུའི་ཐབས་ལམ་བདེ་བགྲོད་ཡོང་བ་བྱ་ཆེད། ཉེ་ཆར་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་དྲ་ཚུགས་ཐོག་ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་། “སྤྱོད་ཚུལ་བཞིའི”གནད་དོན་ལ་ལྟ་སྐུལ་ཐེར་འདོན་དང་དམར་རྗེན་དུ་འདོན་པའི་ཆེད་བཙུགས་ཁུལ་བཙུགས་པའི་ཁྲོད་ཀྱི“གཟའ་འཁོར་རེའི་བརྡ་ཁྱབ”ལེ་ཚན་གྱིས་ཟླ་4ཚེས་20ཉིན་ནས་བཟུང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་མིང་འདོན་བྱས་ནས་བརྡ་ཁྱབ་བཏང་སྟེ་དམར་རྗེན་དུ་འདོན་བཞིན་ཡོད། ཚེས་20ཉིན་ཡོངས་བསྒྲགས་བྱས་པའི་ས་ཁུལ་དང་ཚན་པ་31གི་གྱོད་གཞིའི་ནང་གཏན་འབེབས་ལས་འགལ་བར་ཕོགས་སྣོན་ཁ་གསབ་སྤྲད་པ་དང་། གཏན་འབེབས་ལས་འགལ་ནས་ལག་རྟགས་དང་འབུལ་རྟེན་བླངས་པ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་ཕྱིན་པ། གཤིན་པོ་དུར་སྐྱེལ་དང་བག་མ་བསུ་ལེན་བྱེད་སྐབས། རྒྱས་སྤྲོས་རྒྱས་གཤོམ་བྱེད་པ། གཏན་འབེབས་ལས་འགལ་ནས་གཞུང་འཁོར་སྤྱད་པ། གཞུང་དངུལ་སྤྱད་དེ་ཟ་འཐུང་རྒྱས་སྤྲོས་བྱས་པ་སོགས་ཕྱོགས་མང་པོ་དང་འབྲེལ་བའི་གནད་དོན་ཚུད་པ་དང་གྱོད་འབྲེལ་མི་སྣ་ཚང་མར་མིང་ངོ་མའི་ཐོག་ནས་བརྡ་ཁྱབ་བཏང་སྟེ་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག ཆད་པ་བཅད་ཚུལ་ཡོངས་བསྒྲགས་ཀྱང་བྱས་ཡོད། དེའི་ནང་པེ་ཅིང་དང་། ཀུའེ་ཀྲོའུ། ཧྲའན་ཤིས་བཅས་ཀྱི་ཁ་གྲངས་བརྡ་ཁྱབ་བཏང་བའི་གྱོད་གཞི་མདུན་གྲལ་དུ་སླེབས་པ་ཚང་མར་གྱོད་གཞི་ཁག་8ཐོན་ཡོད། དྲ་ཚུགས་ཐོག་ནས་མངོན་པར་གཞིགས་ན། ད་རེས་གཟའ་འཁོར་རེར་བརྡ་ཁྱབ་གཏོང་རྒྱུ་དེ་ཉུང་མཐར་ཡང་གཟའ་འཁོར་བཞི་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག