ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧེ་ལ་རེ་ཨ་རིའི་སྲིད་འཛིན་བདམས་རྩོད་དུ་ཞུགས་རྒྱུ་ཡིན་ཞེས་དངོས་སུ་བསྒྲགས།

2015-04-29

ཨ་རིའི་རྒྱལ་སྲིད་བློན་ཆེན་སྔོན་མ་ཧེ་ལ་རེ།

ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ ༤ པའི་ཚེས ༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ནས་སྤེལ་བའི་འཕྲིན་དུ། ཚེས ༡༢ ཉིན་ཨ་རིའི་སྲིད་སྟེགས་སུ“གསང་བ་མ་ཡིན་པའི་གསང་བ”ཞིག་བསྒྲགས་བྱུང་སྟེ། ཨ་རིའི་རྒྱལ་སྲིད་བློན་ཆེན་སྔོན་མ། ལྕམ་མོ་དང་པོ། སྤྱི་གྲོས་པ་སྔོན་མ་ཧེ་ལ་རེ་ཁུ་ལེན་ཋོན་ལགས ༢༠༡༦ ལོའི་སྲིད་འཛིན་བདམས་རྩོད་ཆེན་མོར་ཞུགས་རྒྱུ་ཡིན་ཚུལ་བསྒྲགས། དེ་ནི ༢༠༠༨ ལོའི་རྗེས་སུ་ཡང་བསྐྱར་ཕོ་བྲང་དཀར་པོའི་བཞུགས་སྒར་དུ་རྩོད་ལེན་བྱས་པ་རེད། ཁོ་མོས།“ང་རང་རྩེར་སོན་པ་དེ་ཉིདཆགས་འདོད་ཡོད”ཅེས་བསྒྲགས། གལ་ཏེ་སྲིད་འཛིན་དུ་བདམས་པ་ཡིན་ན། མོ་རང་ནི་ཨ་རིའི་ལོ་རྒྱུས་སྟེང་གི་སྐྱེས་མ་སྲིད་འཛིན་ཐོག་མར་ཆགས་ཡོད་ཅིང་། ཨ་རིའི་སྲིད་སྟེགས་ཀྱི་དབུ་རྒྱན་དུའང་གྱུར་པ་རེད།

ཉིན་དེར། ཁོ་མོས་དུས་ཡུན་སྐར་མ་གཉིས་དང་སྐར་ཆ་བཅོ་བརྒྱད་རིང་གི་བརྙན་རིས་གཏམ་བཤད་སྤེལ་ཡོད་ཅིང་། བརྙན་རིས་བརྒྱུད་གདོང་མདོག་མི་འདྲ་བ་དང་། ལོ་ཚོད་མི་འདྲ་བའི་མི་སེར་ཕལ་བའི་དཀའ་སྡུག་གི་གཏམ་རྒྱུད་འཆད་ཚར་རྗེས། ཧེ་ལ་རེས་གདོང་ལ་འཛུམ་མདངས་དགྱེས་ཞོར་ཡིད་ཆེས་དང་བཅས“ཉིན་རེ་བཞིན་ཨ་རི་བ་ཚོར་རྩེར་སོན་པ་རེ་བྱོན་དགོས་ཤིང་། ང་རང་ནི་རྩེར་སོན་པ་དེ་ཉིད་བྱ་འདོད་ཡོད”ཅེས་བསྒྲགས། ཁོ་མོས། མི་ཚང་རེ་རེ་སྟོབས་འབྱོར་རྒྱས་པ་ཡིན་ན། ཨ་རིའི་རྒྱལ་ཁབ་ཀྱང་སྟོབས་འབྱོར་རྒྱས་བཞིན་ཡོད་པས། སོ་སོ་ནས་ང་རང་དང་འགྲོས་གཅིག་ཏུ་འགྲུལ་བཞུད་ཀྱི་ལམ་ཐག་འདིར་ཞུགས་པའི་ཐུགས་རེ་ཡོད་ཅེས་བསྟན་བྱུང་། ༡༩༦༩ ལོར་ཝེར་སི་རི་སློབ་གླིང་དུ་མཐར་ཕྱིན་གཏམ་བཤད་སྤེལ་ནས་ཨ་རིའི་ཁྱོན་ཡོངས་སུ་སྐད་གྲགས་ཆོད་པ་ནས་བཟུང་། ཧེ་ལ་རེའི་མི་ཚེར་ཝོར་མྰ་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཐོག་མ་དང་། གཞུང་གནས(རྒྱལ་ཚོགས་སྤྱི་གྲོས་པ)ལ་བདམས་རྩོད་བྱེད་མཁན་ལྕམ་མོ་ཐོག་མ། ཨ་རིའི་སྲིད་འཛིན་ལ་བདམས་རྩོད་བྱེད་མཁན་ལྕམ་མོ་ཐོག་མ། ལོ་རྒྱུས་སྟེང་གི་ཆེས་སྡུག་རུས་ཅན་དང་། ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་པའི་ཐེངས་གྲངས་ཆེས་མང་པའི་རྒྱལ་སྲིད་བློན་ཆེན་སོགས་ཀུན་ལས་ཐོག་མ་ཐེངས་མང་བསྐྲུན་ཡོད་པ་རེད། གལ་ཏེ་ཁོང་མོས་བདམས་རྩོད་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ཨ་རིའི་ལོ་རྒྱུས་སྟེང་གི་སྐྱེས་མ་སྲིད་འཛིན་ཐོག་མར་ཆགས་ཡོད་ཅིང་། མོ་རང་གིས་སྲིད་བཞུགས་དམ་བཅའ་སྤེལ་དུས་དགུང་གྲངས ༧༠ ལ་ཉེ་བར་སོན་ཡོད་པ་རེད།

ད་ཆའི་སྲིད་འཛིན་ཨོ་བྷ་མས་དེ་སྔར་ཧེ་ལ་རེ་ལ་རྒྱབ་སྐྱོར་ཡོད་ཚུལ་བསྟན་ཡོད་དེ། ཧེ་ལ་རེ་ནི“ཕུལ་དུ་བྱུང་པའི་སྲིད་འཛིན”ཞིག་ཏུ་འགྱུར་སྲིད་ཅེས་བརྗོད་བྱུང་། འདིའི་རྗེས་མར། ཧེ་ལ་རེ་ཨེར་ཨོ་ཝ་དང་། སིན་ཧན་བྷུ་ཧྲིན་ཁུལ་སོགས་སུ་ཕེབས་ནས་འདེམས་དམངས་དག་མཉམ་བཞུགས་བརྗེ་རེས་གནང་རྒྱུ་རེད། དེ་ཡང་ཆེས་ཐོག་མའི་བདམས་རྩོད་བྱེད་སྒོ་ནི“འདེམས་དམངས་དག་གི་འབྲེལ་འདྲིས་ལ་ཆེས་ཐུགས་སྣང་ཡོད་པའི་བྱེད་སྒོ”ཆུང་ངུ་ནས་འགོ་རྩོམ་པ་ལས་འདུ་ཚོགས་གཟབ་རྒྱས་གནང་རྒྱུ་མ་རེད། དེའི་དམིགས་ཡུལ་ཡང“ཧེ་ལ་རེས་འདེམས་དམངས་དག་གི་སྐྱིད་སྡུག་ཐུགས་ཁུར”གནང་པའི་སྣང་བརྙན་བསྐྲུན་ཆེད་རེད། ཁོང་མོ་སྐུ་དངོས་སུ་འདེམས་དམངས་དག་གི་ཁྱིམ་དུ་འཚམས་འདྲིར་ཕེབས་སྲིད་དེ། ཕྱིས་འབྱུང་དུས་ཡུན་ངེས་ཅན་རིང་ཧེ་ལ་རེས་སྤྱི་བའི་ཁོར་ཡུག་ཏུ་མང་ཚོགས་ཀྱི་ཡོང་འབབ་འདྲ་མཉམ་མིན་པ་དང་། ཕོ་མོའི་བར་མཆོག་ཞན་གྱི་ལྟ་སྟངས་འཛིན་པ་སོགས་ཀྱི་གྲོས་གཞིར་བསམ་ཚུལ་ནན་གྱིས་སྟོན་རྒྱུ་རེད།

གླེང་ཕྱོགས་ལྟར་ན། ཧེ་ལ་རེས་ཐོག་མའི་འགྲན་རྩོད་དུ་དཀའ་ངལ་ཅི་ཡང་རྒྱག་མི་དགོས་པར་རྒྱལ་ཁ་ལོན་སྲིད་ལ། ཁོང་མོའི་འགྲན་ཡར་དེ་སྔའི་མ་རི་ཁུལ་གྱི་ཁུལ་དཔོན་ཨོ་མྰ་རེ་དང་། ཧྥོར་ཅི་ཉི་ཡ་ཁུལ་གྱི་ཁུལ་དཔོན་ཝེར་པོ། རོ་རྡུ་གླིང་ཁུལ་གྱི་ཁུལ་དཔོན་ཆར་ཧྥེ་སོགས་ཡོད་ཀྱང་ཡོད་སྲིད་དེ། མིག་སྔར་ཁོང་གསུམ་པོས་སྲིད་འཛིན་བདམས་རྩོད་ཐད་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་སྒང་རེད། སྲིད་འཛིན་ཟུར་པ་པར་ཊུན་གྱིས་ད་ལོའི་དབྱར་ཁར་སྲིད་འཛིན་ལ་བདམས་རྩོད་བྱེད་མིན་བསྒྲགས་རྒྱུ་ཡིན་ཞེས་བསྟན་བྱུང་། རང་དབང་ཕྱོགས་ཀྱི་འདེམས་དམངས་དག་གིས་རྒྱབ་སྐྱོར་ཐོབ་མཁན་མར་སེ་ཀྲུ་སེ་ཁུལ་གྱི་སྐྱེས་མ་སྤྱི་གྲོས་པ་ཝོར་ལོན་གྱིས་ད་བར་དུ་སྲིད་འཛིན་བདམས་རྩོད་ལ་ཞུགས་འདོད་མེད་ཚུལ་བསྟན་བྱུང་།

ཧེ་ལ་རེས་བདམས་རྩོད་དུ་ཞུགས་པ་དེས་སྤྱི་མཐུན་ཏང་ལ་ཕོག་ཐུག་མི་ཆུང་བ་བཏང་ཡོད་རེད། ཁོང་མོར་རྒྱབ་སྐྱོར་བྱ་ཚད་དང་སྙན་གྲགས་ཀྱིས་རྡུར་ཁུ་ས་སི་ཁུལ་གྱི་སྤྱི་གྲོས་པ་ཁུ་རོ་ཛི་དང་། ཁུན་ཐར་ཅི་ཁུལ་གྱི་སྤྱི་གྲོས་པ་པོ་རོ་སོགས་སྤྱི་མཐུན་ཏང་གི་བདམས་རྩོད་མཁན་དག་ཕམ་པར་བྱེད་སྲིད་ལ། བདམས་རྩོད་པ་གཞན་དག་ཀྱང་ཕམ་པར་བྱེད་སྲིད། ཧྥོར་ལོར་ལི་ཏ་ཁུལ་གྱི་སྤྱི་གྲོས་པ་རུ་པི་ཨོ་ཡིས་ཚེས ༡༣ ཉིན་མེར་ཨ་མེ་ནས་བདམས་རྩོད་དུ་ཞུགས་རྒྱུ་ཡིན་ཚུལ་བསྒྲགས་རྒྱུ་ཡིན་ལ། ཧྥོར་ལོར་ལི་ཏ་ཁུལ་གྱི་ཁུལ་དཔོན་ཇེར་པུ་པི་ཤིན་གྱིས་ད་སྔ་བདམས་རྩོད་དུ་ཞུགས་རྒྱུ་ཡིན་མིན་བསྒྲགས་མི་འདུག

དེ་སྔར་རྒྱལ་སྲིད་བློན་ཆེན་གྱི་འགན་བཞེས་མྱོང་པའི་ཉམས་མྱོང་གིས་ཕྱི་འབྲེལ་ནི་ཁོ་མོའི་འཇོན་ཐང་ཆེ་ཤོས་ཡིན་ལ། ཁོང་མོས་ཨ་རིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དོ་སྙོམས་འཐབ་ཇུས་ལག་བསྟར་གནང་པ་མ་ཟད། ༢༠༠༩ ལོའི་ཟླ ༢ པ་ད་ང། ༢༠༠༩ ལོའི་ཟླ ༡༡ པ། ༢༠༡༠ ལོའི་ཟླ ༡༠ པ། ༢༠༡༡ ལོའི་ཟླ ༧ པ། ༢༠༡༢ ལོའི་ཟླ ༥ པ། ༢༠༡༢ ལོའི་ཟླ ༩ པ་བཅས་སུ་སྔ་གཞུག་ཏུ་ཀྲུང་གོར་ཐེངས་བདུན་ལ་འཚམས་འདྲིར་ཕེབས། མོ་ལྟར་ན། ཞི་བདེ་རྒྱ་མཚོའི་གཞི་ཁྱོན་ཤིན་ཏུ་ཆེ་བས། ཀྲུང་ཨ་རྒྱལ་ཁབ་གཉིས་ཤོང་ཐུབ་པས། ཀྲུང་གོའི་སྟོབས་འབྱོར་རྒྱས་པར་དགའ་བསུ་ཡོད་ཅེས་འདོད།

ཧེ་ལ་རེའི་འཇོན་ཐང་མངོན་གསལ་ཡིན་ནའང་། ཁུ་ལེན་ཋོན་ཐེབས་རྩ་ཚོགས་པས་ཧེ་ལ་རེས་རྒྱལ་སྲིད་བློན་ཆེན་གྱི་འགན་བཞེས་དུས་ཕྱི་རྒྱལ་གྱི་ཞལ་འདེབས་བླངས་ཤིང་སྤྱི་འབོར་ཨ་སྒོར་དུང་ཕྱུར་ཁྲི་བརྒྱ་ལྷག་ལ་བུད་ཡོད་པ། གཞན་ཡང་རྒྱལ་སྲིད་བློན་ཆེན་གྱི་འགན་བཞེས་རིང་སྒེར་གྱི་ཡིག་ཟམ་བརྒྱུད་སྤྱི་བའི་ལས་དོན་ཐག་གཅོད་བྱས་པ་སོགས་ཐེར་འདོན་བྱས་པས་སྐྱོན་ཡང་མི་ཉུང་པ་ཡོད་རེད། གྲོས་མི་ཁ་ཤས་ལྟར་ན་བྱེད་ཐབས་དེ་དག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་ལུགས་དང་འགལ་ཡོད་པ་རེད་ཟེར། ཧེ་ལ་རེ་ཨ་རིའི་སྲིད་འཛིན་བདམས་རྩོད་དུ་ཞུགས་རྒྱུ་ཡིན་ཞེས་དངོས་སུ་བསྒྲགས།

ཁ་བྱང་ཕྱི་མོ། ཧེ་ལ་རེ་ཨ་རིའི་སྲིད་འཛིན་བདམས་རྩོད་དུ་ཞུགས་རྒྱུ་ཡིན་ཞེས་དངོས་སུ་བསྒྲགས།

འབྲེལ་ཡོད་རྩོམ་ཡིག