ཁྲིམས་ལུགས་དགོང་ཚགས་སུ་བཀོད་པའི་གསར་འགྱུར། ཟླ ༤ པའི་ཚེས ༢༩ ཉིན་གྱི་སྔ་དྲོར། པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་ཚན་ཁག་གི་ཕྱི་དངུལ་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་སྔར་ཡོད་ཀྲུའུ་རིན་ཧྥན་ཙིན་ཡུས་ཀྱིས་རྒྱུ་ནོར་ལྐོག་ཟ་དང་ལྐོག་རྔན་བླངས་པ།སྙད་འདོགས་གཡོ་ལེན་བྱས་པ་བཅས་ཀྱི་ཉེས་དམིགས་སོགས་ཞིབ་དཔྱད་དང་ཁྱབ་བསྒྲགས་བྱས། ཁྲིམས་ཁང་གིས་གྱོད་དོན་དེ་ཞིབ་གཅོད་བྱས་པ་བརྒྱུད་ནས། ཧྥན་ཙིན་ཡུས་ཀྱིས་ལྐོག་རྔན་བླངས་པ་དང་རྒྱུ་ནོར་ལྐོག་ཟ་བྱས་པ། སྙད་འདོགས་གཡོ་ལེན་བྱས་པ་བཅས་ཀྱི་ཉེས་པ་གཏན་ལ་ཕབ་པ་དང་། གྱོད་དོན་འདྲི་ཞིབ་རིམ་པ་དང་པོ་ལས་ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ལ་སྲོག་ཁྲིམས་གཅོད་དགོས་པའི་གྱོད་དོན་དེ་ལོ་གཉིས་ལ་ལག་བསྟར་ཕྱིར་འགྱངས་བྱེད་པ་དང་། ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བཏང་བ་རེད།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་ལས་རྩད་ཆོད་པ་ནི། ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་ ༢༠༠༩ ལོའི་ལོ་འཇུག་ནས་བཟུང་། ཕྱི་དངུལ་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་དབང་ཆར་རྒྱབ་བརྟེན་ནས། པའོ་ཡུས་མ་རྩ་དོ་དམ་ཚད་ཡོད་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཏིན་ཡུས་ཞིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་ཚན་ཁག་ལ་ཕུལ་བའི་མི་དམངས་དངུལ་སྒོར་ཁྲི་ ༢༦༠ ཡོད་པ་དེ་ ཁྲིིམས་འགལ་ངང་སྒེར་བདག་བྱས་པ་རེད།
༢༠༠༩ ལོའི་ཟླ ༧ པ་ནས་ ༢༠༡༠ ལོའི་བར་དུ། ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་ཕྱི་དངུལ་ལྟེ་གནས་ཀྱི་ཀྲུའུ་རིན་དང་ཕྱི་དངུལ་ལྟེ་གནས་མི་དོན་བྱ་བའི་འགོ་འཛིན་གྱི་དབང་ཆར་རྒྱབ་བརྟེན་ནས། ཀྲའོ་ཆི་ཁེའི་མངག་བཅོལ་ལྟར་ཁྲིམས་འགལ་གྱིས་ཁོའི་བུ་མོ་ཀྲའོ་ཧྲེ་ཞེས་པ་དེ་ཕྱི་དངུལ་ལྟེ་གནས་ཀྱི་གནས་སྐབས་ལས་བྱེད་མི་སྣར་བླངས་ཤིང་། རྫེས་ནས་ཡང་བསྐྱར་ཀྲའོ་ཆི་ཁེའི་མངག་བཅོལ་ལྟར་བུ་མོ་དེ་ལས་བྱེད་མི་སྣ་ངོ་མར་བླངས་པ་དང་། ཀྲའོ་ཆི་ཁེས་ཁོ་ལ་གནང་པའི་ལྐོག་དངུལ་མི་དམངས་དངུལ་སྒོར་ཁྲི་ ༡༠ ཧམ་ཟ་བྱས་པ་རེད།
༢༠༠༩ ལོ་ནས་༢༠༡༠ ལོའི་བར་དུ། ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་རང་ཉིད་ཀྱི་དབང་ཆ་སྤྱད་ནས་ཏེན་ཡུས་ཞིན་གྱི་མངག་བཅོལ་ལྟར། ཏེན་ཡུས་ཞིན་གྱི་དྲང་ཕྱོགས་ཀྱི་སྣང་བརྙན་གསར་བཞེངས་བྱས་ནས་འབྲེལ་ཡོད་སྡེ་ཁག་གི་རྩད་ཞིབ་ཐག་གཅོད་ལ་གཡོལ་ཆེད། ཏེན་ཡུས་ཞིན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་རྩ་འཛུགས་ལས་གཞི་ལ་ཞལ་འདེབས་འབུལ་བའི་གོ་སྐབས་སྤྲད་ནས་ཏེན་ཡུས་ཞིན་ལ་འབྲེལ་ཡོད་ཚོགས་ཆེན་གྱི་སྟེང་ནས་གཏམ་བཤད་སྤེལ་བའི་གོ་སྐབས་ཀྱང་བརྩོན་ལེན་བྱས། དུས་མཚུངས་སུ་ཏེན་ཡུས་ཞིན་ལ་ཕྱི་དངུལ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་དགེ་ལས་ཚགས་དེབ་སྟེང་དགེ་ལས་མཛད་རྗེས་གང་མང་ཡོད་ཚུལ་བརྒྱུད་འགོད་བྱས་པ་རེད། དེ་དག་གི་ཆེད་དུ་ཧྥན་ཙིན་ཡུས་གྱིས་ཏེན་ཡུས་ཞིན་གྱི་ལག་ནས་མི་དམངས་དངུལ་སྒོར་ཁྲི་ ༢༧༡༢ དང་། ཡོབ་སྒོར་ཁྲི ༡༢༠ ། ཨ་སྒོར་ཁྲི་ ༢༤ ། ཟོག་ཉོའི་བྱང་བུ་རིན་ཐང་མི་དམངས་དངུལ་སྒོར་ཁྲི་ ༣༠ ཅན། སྣུམ་སྣོན་བྱང་བུ་རིན་ཐང་མི་དམངས་དངུལ་སྒོར་ཁྲི་ ༦ ཅན་བཅས་མི་དམངས་དངུལ་སྒོར་ལ་ཕབ་ན་བསྡོམས་པས་མི་དམངས་དངུལ་སྒོར་ཁྲི་ ༤༠༡༣ .༤༣༨༨ ལ་སླེབས་འདུག
ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་ ༢༠༡༠ ལོའི་ཟླ་ ༨ པ་ནས་ཟླ་ ༡༡ བར་དུ། ཏེན་ཡུས་ཞིན་གྱིས་ཀྲུའུ་བུན་ཁྲིང་ལ་སྐྱིས་དངུལ་འཇལ་ཟིན་པའི་དོན་དངོས་རྫུན་བཟོ་བྱས་ནས་ཏེན་ཡུས་ཞིན་གྱིས་ཕར་འཇལ་འོས་པའི་མི་དམངས་དངུལ་སྒོར་ཁྲི་ ༣༩༠ཡོད་པ་དེ་ལྐོག་ཟ་བྱས། ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་ ༢༠༡༠ ལོའི་ཟླ་ ༡༢ པའི་ནང་དུ། འབྲེལ་ཡོད་མགོ་ཁྲིད་ལ་བརྫུས་ནས་ཏེན་ཡུས་ཞིན་དང་འཕྲིན་ཐུང་འབྲེལ་གཏུགས་བྱས་པ་དང་། སྔ་གཞུག་ཏུ་ཏིན་ཡུས་ཞིན་གྱི་མི་དམངས་དངུལ་སྒོར་ཁྲི་ ༢༠༠ དང་ཡོབ་སྒོར་ ཁྲི་༢༠ བཅས་མི་དམངས་དངུལ་སྒོར་ལ་ཕབ་ན་བསྡོམས་པས་སྒོར་ ཁྲི་༣༧༧.༠༧༦ གཡོ་ལེན་བྱས། ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་༢༠༡༠ ལོའི་ཟླ་ ༡༢ པའི་མཇུག་ནས་ ༢༠༡༡ ལོའི་ལོ་སར་གྱི་བར་དུ། ཏིན་ཡུས་ཞིན་ལ་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ཀྱིས་བཀག་འགོག་ཐེབས་པ་ཤེས་རྗེས། ཏིན་ཡུས་ཞིན་གྱི་མངའ་འོག་ཀྲང་ཐེ་ཞོན་ཞེས་པ་ལ་མགོ་སྐོར་བཏང་ནས། ཁོས་འབྲེལ་ཡོད་མགོ་ཁྲིད་ངོ་ཤེས་ཚུལ་དང་འབྲེལ་བ་འཛུགས་ཐུབ་ཚུལ་བཤད་དེ་ཀྲང་ཐེ་ཞོན་གྱི་རྒྱུ་ནོར་གཡོ་ལེན་བྱས་པ་བསྡོམས་ན་མི་དམངས་དངུལ་སྒོར་ཁྲི་ ༨༩༠ ལྷག་ལ་སླེབས་འདུག
འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞིབ་གཅོད་ལས་ཤེས་པ་ནི།ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་དེལརྒྱལ་ཁབ་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས།ཁོ་བོས་ལས་གནས་ཀྱི་དབང་ཆ་སྤྱད་དེ་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་པ་དང་།གཞན་གྱི་ཁེ་ཕན་ལྐོག་ཧམ་བྱས་པའི་བྱ་སྤྱོད་ཀྱིས་ལྐོག་རྔན་སྤྲོད་ལེན་གྱི་ཉེས་པ་བཟོས་ཟིན་པ་མ་ཟད། སྙད་འདོགས་གཡོ་ལེན་གྱི་ཉེས་པའང་བཟོས་ཟིན། ཧྥན་ཙིན་ཡུས་ཀྱིས་བཟོས་པའི་ཉེས་སྤྱོད་དག་ལས་དངུལ་གྱི་ཁ་གྲངས་འབོར་ཆེན་ཡིན་པ་དང་། ངོ་བོ་ཧ་ཅང་ཚབས་ཆེ། ཉེས་སྤྱོད་ཐ་དག་ཁྲིམས་ལྟར་ནན་གྱིས་ཉེས་ཆད་གཅོད་དགོས། ཧྥན་ཙིན་ཡུས་ཀྱིས་རྩད་ཞིབ་གྱི་གོ་རིམ་ཁྲོད་དུ། རང་འགུལ་གྱིས་གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱིས་རྒྱུས་ལོན་བྱས་པ་ཆ་མི་ཚང་བའི་ལྐོག་རྔན་བྱ་སྤྱོད་དག་ངོས་ལེན་བྱས་པ་དང་། ངོས་ལེན་རྣམ་འགྱུར་ཅུང་ལེགས་པོ་འདུག་པ་མ་ཟད་གཡོ་ལེནདང་ལྐོག་ལེན་་བྱས་པའི་མ་དངུལ་དག་སྐྱིན་ཚབ་འཇལ་ཟིན་པས། ཁྲིམས་ལྟར་ཁོ་བོའི་ཉེས་སྤྱོད་དེ་སྲོག་ཁྲིམས་གཅོད་དགོས་པའི་གྱོད་དོན་དུ་ངོས་འཛིན་བྱས་མོད། དེ་མ་ཉིད་དུ་ལག་བསྟར་བྱེད་མི་དགོས་པ་རེད། ཁོ་བོའི་སྙད་འདོགས་གཡོ་ལེན་གྱི་ཉེས་སྐྱོན་ལ་ཅུང་གུ་ཡངས་བྱུང་།
དེར་བརྟེན། ཁྲིམས་ཁང་གིས་ཁྲིམས་བཅོད་བྱས་པའི་མཐའ་འབྲས་འདི་ལྟར། གཅིག ཞུ་སྦྱོར་ཕྱི་མ་ཧྥན་ཙིན་ཡུས་ཀྱིས་ལྐོག་རྔན་བླངས་པའི་ཉེས་སྐྱོན་ལས་སྲོག་ཁྲིམས་གཅོད་དགོས་པ་དང་། ལོ་གཉིས་ལ་ལག་བསྟར་ཕྱིར་འགྱངས་བྱེད་པ། ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོ་དགོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་དགོས་པ། སྙད་འདོགས་གཡོ་ལེན་བྱས་པའི་ཉེས་དམིགས་ལས་དུས་བཀག་བཙོན་འཇུག་ལོ་ངོ་ ༡༣ དགོས་པ་གཏན་ལ་ཕབ་པ་དང་། ལོ་ངོ་གསུམ་གྱི་རིང་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོ་དགོས་པ། མི་སྒེར་གྱི་རྒྱུ་ནོར་མི་དམངས་དངུལ་སྒོར་ཁྲི་ ༤༠༠ གཞུང་བཞེས་གཏོང་བ། རྒྱུ་ནོར་ལྐོག་ཟ་བྱས་པའི་ཉེས་སྐྱོན་ལས་དུས་བཀག་བཙོན་འཇུག་ལོ་ངོ་ ༡༣ དགོས་པ་གཏན་ལ་ཕབ་པ་དང་། མི་སྒེར་གྱི་རྒྱུ་ནོར་མི་དམངས་དངུལ་སྒོར་ཁྲི་ ༥༠ གཞུང་བཞེས་བཏང་ལ་སྲོག་ཁྲིམས་གཅོད་པ་དེ་ལོ་གཉིས་ལ་ལག་བསྟར་ཕྱིར་འགྱངས་བྱེད་པ་དང་། ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་དགོས་པ། གཉིས། ཁྲིམས་ཐོག་ནས་བཀག་ཉར་བྱས་པའི་མ་དངུལ་དག་ཁྲིམས་ལྟར་རེ་རེ་བཞིན་གནོད་ཐེབས་མི་སྣ་ལ་ཕྱིར་འཇལ་བའམ་གཞུང་བཞེས་གཏོང་དགོས་སོ།།
ཁ་བྱང་ཕྱི་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་ཚན་ཁག་གི་དཔོན་པོ་ཞིག་གིས་སྒོར་བྱེ་བ་བཞི་ལྷག་གི་ལྐོག་རྔན་བླངས་པས་དུས་འགྱངས་སྲོག་ཁྲིམས་བཅད།