“ཡུལ་ཤུལ་རིག་གནས་གནས་སྐོར་དྲིལ་སྒྲོག་གཟའ་འཁོར”ཚེས་ཉེར་བརྒྱད་ཉིན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས་སྤེལ་མགོ་བརྩམས།
“ཡུལ་ཤུལ་རིག་གནས་གནས་སྐོར་དྲིལ་སྒྲོག་གཟའ་འཁོར”ཚེས་ཉེར་བརྒྱད་ཉིན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས་སྤེལ་མགོ་བརྩམས། དྲིལ་སྒྲོག་གཟའ་འཁོར་སྐབས་སུ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་ནས“ལྷ་ཡུལ་གྱི་བག་ཆགས·རྨི་ལམ་གྱི་ཡུལ་ཤུལ”ཞེས་པའི་སྐྱེ་ཁམས་མི་གཞུང་པར་ལེན་འགྲེམ་སྟོན་བྱེད་པ་དང་། ལུང་ཐན་སྤྱི་གླིང་ནས་ཁམས་པའི་གླུ་གར་འཁྲབ་སྟོན་བྱེད་རྒྱུ་མ་ཟད་ཡུལ་ཤུལ་གཟུགས་འདས་རིགས་གནས་ཤུལ་བཞག་རྒྱུན་འཛིན་འགྲེམ་སྟོན་དང་ཁྱད་ཆོས་གནས་སྐོར་ཚོང་རྫས་བཤམ་སྟོན་སོགས་མུ་འབྲེལ་བྱ་འགུལ་སྤེལ་རྒྱུ་རེད།
ད་ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོའི་ཟླ་དྲུག་པ་ནས་ཟླ་དགུ་བའི་བར་གྱི་གནས་སྐོར་གྱི་དུས་ཚིགས་ཆེས་བཟང་བོའི་སྐབས་སུ་དུས་ཆེན་བྱ་འགུལ་ཐེངས་ང་གསུམ་སྤེལ་རྒྱུ་ཡིན་པ་དང་། ལོ་ཧྲིལ་བོའི་ཟླ་རེ་རེར་དུས་ཆེན་གལ་ཆེན་མང་པོ་ཡོད། ད་ལྟ་མཚན་སྙན་གྲགས་ཅུང་ཆེ་བའི་རྟ་རྒྱུག་འགྲན་སྡུར་སོགས་སྲོལ་རྒྱུན་གྱི་དུས་ཆེན་བྱ་འགུལ་ལས་གཞན་ད་རུང་གྲོང་ཁྱེར་དང་རྫོང་སོ་སོར་རྟེན་འབྲེལ་ཞུ་བའི་དུས་ཆེན་མང་པོ་ཡོད།
འཆར་གཞི་ལྟར་ན། ཡུལ་ཤུལ་ཁུལ་གྱིས་ཉིས་སྟོང་ཉི་ཤུ་ལོར་གནས་སྐོར་མི་གྲངས་དང་གནས་སྐོར་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉེར་ལྔ་ཡན་ཆད་དུ་བསླེབ་ཏུ་འཇུག་རྒྱུ་ཡིན་པ་དང་། གནས་སྐོར་གྱི་སྤྱིའི་ཡོང་སྒོས་རྒྱལ་དམངས་དཔལ་འབྱོར་ཁྲོད་ཟིན་པའི་བསྡུར་ཚད་དེ་བརྒྱ་ཆའི་གསུམ་ཡན་ཆད་ལ་བསླེབ་ཏུ་འཇུག་རྒྱུ་ཡིན་པས། ས་དེའི་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་གཙོ་བོར་འགྱུར་ངེས།
པེ་ཅིན་གྲོང་ཁྱེར་འབྲེལ་ཡོད་ཕྱོགས་ཀྱིས་བསྟན་དོན། ཡུལ་ཤུལ་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྟབས་བདེ་བཟོ་བ་དང་རོགས་རམ་བྱས་ནས། རིན་མི་དགོས་པར་པེ་ཅིན་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་ཐོན་རྫས་འགྲེམ་སྟོན་སྣ་ཚོགས་ལ་ཡུལ་ཤུལ་གདན་འདྲེན་ཞུ་རྒྱུ་མ་ཟད། ད་རུང་ཡུལ་ཤུལ་གྱི་གནས་སྐོར་ཐོན་རྫས་ཁྱབ་གདལ་དང་ཡུལ་ཤུལ་གནས་སྐོར་ཞབས་ཕྱིའི་མི་སྣ་པེ་ཅིན་དུ་ཡོང་ནས་གསོ་སྦྱོང་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
རེབ་འདིའི་དྲིལ་སྒྲོག་བྱ་འགུལ་གྱི་དུས་ཡུན་ཉིན་ལྔ་ཡིན་པ་དང་། ཚེས་ཉེར་བརྒྱད་ཉིན་ནས་མགོ་བརྩམས་ཏེ་ཟླ་ལྔ་བའི་ཚེས་གཉིས་ཉིན་མཇུག་རྫོགས་རྒྱུ་རེད། ཡུལ་ཤུལ་རིག་གནས་གནས་སྐོར་དྲིལ་སྒྲོག་མཚམས་སྦྱོར་བྱ་འགུལ་དེ་ད་རུང་ཧྲང་ཧེ་དང་། ཀོང་ཀྲིག ཁྲིན་ཏུའུ། ལྷ་ས་སོགས་སྐུ་མགྲོན་ཡོང་ས་གཙོ་བོའི་གྲོང་ཁྱེར་ནས་མུ་མཐུད་དུ་སྤེལ་རྒྱུ་རེད།།