པེ་ཅིང་དུས་ཚོད་ཟླ ༤ པའི་ཚེས ༢༥ ཉིན་གྱི་ཟླ ༤ པའི་ཚེས ༡༡ ཉིན། བལ་བོར་ཚད་རིམ ༨.༡ གི་ས་ཡོམ་བྱུང་བ་དང་། ཡོམ་ཟབ་སྟོང་སྨིད ༢༠ ཟིན་འདུག་ལ། དེས་བལ་བོའི་སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། ཚེས ༣ ཉིན་བར་ས་ཡོམ་གྱིས་ཁྱོན་བསྡོམས་མི་གྲངས ༧༢༥༠ རྐྱེན་ལམ་ཤོར་ཡོད་པ་དང་། ༡༨༣༢ ལོར་གསར་དུ་བཏབ་པའི་ཀ་ཏུ་མན་རྡའི་ཚབ་མཚོན་རང་བཞིན་གྱི་འཛུགས་བསྐྲུན་ཊ་ཧ་ལ་མཆོད་རྟེན་ལྟ་བུའི་འཛམ་གླིང་རིམ་པའི་ཤུལ་བཞག་རིག་དངོས ༡༢ གཏོར་བརླགས་བཏང་ཡོད་པ་རེད། མཆོད་རྟེན་དེར་བརྩེགས་རིམ ༩ ཡོད་ཅིང་། བལ་བོའི་མི་དམངས་ཀྱིས་དབྱིན་ཇིའི་མི་སེར་སྤེལ་བའི་ངོ་རྒོལ་ལ་རྗེས་དྲན་བྱ་ཆེད་བསྐྲུན་པ་དང་། ཐེངས་འདིའི་ས་ཡོམ་ཁྲོད་གཏོར་སྐྱོན་ཚད་མེད་ཐབས་འདུག གཞན་ཡང་གནའ་ཤུལ་གྲགས་ཅན་མང་པོར་ཐལ་རྡུལ་དུ་བརླགས་ཡོད་པ་རེད། བལ་བོའི་ས་ཡོམ་ཁྲོད་རིག་དངོས་ལ་ཅིའི་ཕྱིར་གཏོར་སྐྱོན་ཚབས་ཆེན་ཐེབས་ཐད་ཀྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ན།
ས་ཡོམ་རིམ་པ་མཐོ་བ་དང་ས་བབ་ཉེན་ཁ་ཆེ་བ།
ཐོག་མར་བལ་བོའི་ས་ཡོམ་གྱི་ཚད་རིམ་མཐོ་སྟེ༨.༡ཡིན་ལ། དེ་ནི་ཝུན་ཁྲོན་ས་ཡོམ་ལས་ཚད་ཀྱང་མཐོན་པོར་གྱུར་ཡོད་པ་དང་། བལ་བོའི་ས་ཡོམ་གྱི་དྲག་ཚད་དེ་ཝུན་ཁྲོན་ས་ཡོམ་ལས་ལྡབ༡.༤ཟིན་པས་གཏོར་སྐྱོན་ཆེན་པོ་ཐེབས་ཤིང་གཏིང་ཐུང་ས་ཡོམ་དུ་གཏོགས། མ་ཟད། རྒྱ་གར་ས་ལེབ་དང་ཡོ་རོབ་དང་ཨེ་ཤ་ཡའི་ས་ལེབ་ཀྱི་བསྣོལ་མཚམས་སུ་བྱུང་པ་དེས་མ་གཞི་ནས་ས་ཤུན་རྒོད་པའི་ཉེན་གནས་སུ་ལྷུང་ཡོད་པའི་ཁར། བལ་བོའི་འཛུགས་བསྐྲུན་མང་ཤོས་ནི་སོ་ཕག་དང་རྡོ་བས་གྲུབ་པས་ས་ཡོམ་གྱི་གཏོར་སྐྱོན་ཡང་ཚབས་ཆེན་ཐེབས་པ་རེད། དེ་བས་ན ༡༩༧༩ ལོར་འཛམ་གླིང་རིག་དངོས་ཤུལ་བཞག་ཏུ་བདམས་པའི་ཏུའུ་པ་ཐང་ཆེན་གྱི་མ་དྲུ་ལྷ་ཁང་ཚོགས་ཀྱང་ཐེངས་འདིའི་ས་ཡོམ་ཁྲོད་འཛུགས་བསྐྲུན་གྱི་རྟིང་གཞི་གཙོ་བོ་འཐོར་ཞིག་ཏུ་གྱུར་པ་དང་། ཏུའུ་པ་ཐང་ཆེན་ནི་བལ་བོའི་གོང་མའི་ཕོ་བྲང་ཐང་ཆེན་ཡིན་ཏེ། གོང་མའི་ཕོ་བྲང་རྙིང་པས་དེ་སྔོན་བལ་བོའི་ཆབ་སྲིད་འཚོ་བའི་ཁྲོད་གཞན་གྱིས་ཚབ་བྱེད་མི་རུང་པའི་གོ་གནས་གལ་ཆེན་ཟིན་ཡོད། དེའི་མཁར་གྱང་གཙོ་བོར་ཡང་གས་ཁ་ཤོར་པ་དང་ཁང་ས་ཡོངས་སུ་རྡིབ་འདུག་པ། འཛུགས་བསྐྲུན་གཙོ་བོ་ཞིག་ཚར་འདུག་པ་མ་ཟད། དེ་སྔོན་གྱི་བཟོ་བཀོད་ཁྱད་དུ་འཕགས་པ་དེའང་ས་ཡོམ་གྱི་དྲག་ཤུགས་གྱིས་ཉམས་དམས་སུ་གྱུར་འདུག
ལོ་རྒྱུས་རྒྱུ་རྐྱེན།
བལ་བོ་ནི་མི་རིགས་ནི༣༠ལྷག་གིས་གྲུབ་པའི་རྒྱལ་ཁབ་ཅིག་དང་རྒྱལ་དམངས་ཀྱི་བརྒྱ་ཆའི༨༦.༥ཡིས་ཧིན་རྡུའི་ཆོས་ལ་དད་པ་བྱེད་ཀྱི་འདུག ཧིན་རྡུའི་ཆོས་ལུགས་དེ་རྒྱལ་ཁབ་ཀྱི་གཞུང་ཆོས་སུ་བྱས་པའི་རྒྱལ་ཁབ་ཅིག་དང་། དེ་ལས་གཞན་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས་སོགས་ལ་དད་མཁན་ཡང་ཡོད་པས་ན་ཆོས་ལུགས་ཀྱིས་བལ་བོའི་རིག་གནས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། བལ་བོའི་ལོ་རྒྱུས་ཡིག་ཚགས་སུ་བཀོད་པར་གཞིགས་ན། ཧིན་རྡུའི་ཆོས་ལུགས་དང་ནང་བསྟན་ནི་བལ་བོའི་རྒྱལ་ཁབ་བཙུགས་པར་བསྟུན་དར་པ་ཡིན་ལ། གནའ་དེང་གཉིས་ཀྱི་གོ་རིམ་བརྒྱུད་ནས་ད་ཆ་ཡང་བལ་བོའི་སྤྱི་ཚོགས་ཁྲོད་ཆོས་ལུགས་ཀྱི་གོ་གནས་གལ་ཆེན་ཟིན་ནས་མང་ཚོགས་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཐ་ན་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་ཆོས་དད་པ་དག་ཀྱང་འདི་གར་འཚང་གི་ཡོད་རེད།
དེ་བས། བལ་བོར་ཆོས་ལུགས་དང་འབྲེལ་བའི་འཛུགས་བསྐྲུན་དང་དགོན་སྡེ་མང་པོ་ཡོད་པ་མ་ཟད། ལོ་རྒྱུས་ཀྱང་ཡུན་རིང་པོ་ལྡན། ཐ་ན་བཟོ་སྐྲུན་ཁག་ཅིག་ལ་དུས་རབས་ཁ་ཤས་ནས་བཅུ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཏེ། དེའི་ཁྲོད་རྒྱལ་ས་ཀ་ཏ་མན་རྡུར་དགོན་སྟོང་གི་གྲོང་ཞེས་གྲགས་པ་དང་། རིག་དངོས་གནའ་ཤུལ་ནི་གྲོང་ཁྱེར་གྱི་ཁྲོམ་སྲང་ཆེ་ཆུང་ཀུན་ལ་ཁྱབ་ཡོད་པ་རེད།
འཛམ་གླིང་འཛུགས་བསྐྲུན་ལོ་རྒྱུས་ཀྱི་ཕྱི་ལོགས་རྟེན་མཛོད་ཁང་དུ་གྲགས་པའི་ཕ་ཊན་ཏུའུ་པ་ཐང་ཆེན་ནི་དུས་རབས་གསུམ་པར་འགོ་ཚུགས་ཤིང་། འཛམ་གླིང་གི་རིག་གནས་རྗེས་ཤུལ་གྲགས་ཆེན་ཞིག་ཀྱང་རེད། དུས་རབས༢༠ལྷག་གི་ལོ་རྒྱུས་ཀྱི་གོ་རིམ་བརྒྱུད་པས་འཛུགས་བསྐྲུན་གྱི་གྲུབ་ཚུལ་བརྟན་པོ་མིན་པར། ཚད་རིམ༨.༡གི་ས་ཡོམ་བརྒྱུད་རྗེས་ལྷ་ཁང་འདི་ཞིག་ཚར་ནས་ཐལ་རྡུལ་དུ་བརླགས་པ་རེད།
སྲིད་གཞུང་གི་སྲུང་སྐྱོབ་འདུ་ཤེས་དམའ་བ།
ད་རེས་ཀྱི་ས་ཡོམ་འདིའི་ཚད་རིམ་མཐོ་ལ་ཡོམ་ཁོངས་ཟབ་པ་དེས་རིག་དངོས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་མོད། དེ་ལྟར་ནའང་བལ་བོའི་གཞུང་ཕྱོགས་ཀྱིས་སྔ་མོ་ནས་གྱོང་གུད་ཇེ་དམར་བཏང་ཆོག་ཆོག་རེད། དེའི་ཐད་ཉི་ཧོང་ནི་སློབ་སྦྱོང་བྱེད་ཡུལ་ཅིག་སྟེ། ཉི་ཧོང་ནི་ས་ཡོམ་གྱི་གནོད་འཚེ་མང་པའི་རྒྱལ་ཁབ་ཅིག་ཡིན་ལ། ཧ་ལམ་ཉིན་རེར་ས་ཡོམ་དང་ཤུལ་ཡོམ་ཆེ་ཆུང་ཅི་རིགས་ཡོད་པ་རེད། མ་ཟད། ཉི་ཧོང་གི་གླིང་ཆེན་བཞིར་རིག་དངོས་ཤུལ་བཞག་ཅི་རིགས་ཡོད་མོད། ཉི་ཧོང་ཕྱོགས་ནས་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་སྲིད་གཞུང་གི་འགན་འཁྲི་གཙོ་བོ་ཞིག་ཏུ་ཐེག་པར་བྱས་པས། ཉི་ཧོང་ལ་བལ་བོའི་ས་ཡོམ་ལྟ་བུའི་གནོད་པ་ཐེབས་པ་ཤིན་ཏུ་ཉུང་།
ཉི་ཧོང་གིས་སྔ་མོ་ནས་རིག་དངོས་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལག་བསྟར་བྱས་ཡོད་དེ། རྒྱལ་ཁབ་ཀྱི་སྲིད་བྱུས་ངོས་ནས་རིག་དངོས་སྲུང་སྐྱོབ་བྱས་ཏེ་ས་ཡོམ་གྱི་གནོད་སྐྱོན་མི་ཐེབས་པ་བྱས་ཡོད། ཉི་ཧོང་སྲིད་གཞུང་དང་། ཆེད་མཁས། དམངས་ཁྲོད་རྩ་འཛུགས་ཀྱིས་རིག་དངོས་གནའ་ཤུལ་གྱི་ས་ཁུལ་དང་། སྲོལ་རྒྱུན་འཛུགས་བསྐྲུན་གྱི་ཡོམ་འགོག རྡོ་ཆས་རིག་དངོས་གནའ་ཤུལ་སྲུང་སྐྱོབ་ཀྱི་ལས་གཞིའི་ས་གཤིས་ཞིབ་འཇུག་སོགས་ཀྱི་ངོས་ནས་རིག་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་མ་ཟད། སྲུང་སྐྱོབ་འཆར་གཞི་ཞིབ་ཕྲ་གཏན་འཁེལ་གནང་ངོར། རིག་དངོས་གནའ་ཤུལ་གྱི་གོད་ཆགས་ནུས་ཚོད་ཀྱི་ཇེ་ཉུང་དུ་བཏང་ཡོད་པ་རེད།
བལ་བོ་མ་ཟད་པའི་འཛམ་གླིང་རྒྱལ་ཁབ་མཐའ་དག་གིས་དགོས་ངེས་ཀྱི་བྱེད་ཐབས་བཏོན་པ་བརྒྱུད། ས་ཡོམ་གྱི་གློ་བུར་གནོད་འཚེ་བྱུང་དུས་གོད་ཆག་མི་ཐེབས་པའམ་གོད་ཆག་ཇེ་ཉུང་དུ་གཏོང་དགོས། བལ་བོའི་ས་ཡོམ་ཁྲོད་རིག་དངོས་ལ་རྩ་མེད་རང་བཞིན་གྱི་གཏོར་བརླགས་ཐེབས་པ་དེས་ཀྲུང་གོའི་རིག་དངོས་གནའ་ཤུལ་ལའང་ཉེན་བརྡ་ཞིག་བརྒྱབ་པ་ཡིན་ལ།དེར་མཐོང་ཆེན་གང་ལེགས་བྱེད་དགོས་སོ།