གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ༤ཚེས༢༩ཉིན་གྱི་ཆུ་ཚོད༡༦བར་ནེ་པ་ལར་ས་ཡོམ་རིམ་པ༨.༡བརྒྱབ་པ་དེས་རང་ལྗོངས་སུ་མི༢༥རྐྱེན་ལམ་དུ་ཤོར་བ་དང་། མི༤གར་སོང་ཆ་མེད་དུ་གྱུར་བ། མི༧༩༧ལ་རྨས་སྐྱོན་ཕོག་པ། སྡོད་ཁང༢༥༣༥ལོག་པ། སྡོད་ཁང༢༥༨༢༡ལ་སྐྱོན་ཤོར་བ། དགོན་པ༩༩(དེའི་ནང་དགོན་པ༢༩ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་དང་དགོན་པ༢༣ལ་གནོད་སྐྱོན་འབྲིང་ཙམ་ཕོག་པ)ལ་གནོད་སྐྱོན་ཕོག་པ། མི་ཁྲི༣༠ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་པ་བཅས་རེད། གེགས་ཁུལ་གྱི་སྦྲེལ་ཚུགས༣༨༨ཁྲོད་ནས་སྒུལ་བདེའི་འཕྲིན་གཏོང་སྦྲེལ་ཚུགས༤༡གིས་ཞབས་འདེགས་ཞུ་མཚམས་བཞག་ཡོད་པ་རེད།
ཚེས༢༨ཉིན་གྱི་ཆུ་ཚོད༡༣བར་ད་རེས་ཀྱི་ས་ཡོམ་ཁྲོད་ཡོམ་འཕྲོ་ཐེངས༩༤བརྒྱབ་པའི་ནང་རིམ་པ༧.༠ཡན་གྱི་ས་ཡོམ་ཐེངས་གཉིས་དང་རིམ་པ༥.༠ཡན་གྱི་ས་ཡོམ་ཐེངས་གསུམ་ཡན་བརྒྱབ་ཡོད་པ་རེད།རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག་ཕྱོགས་ཁག་གིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱས་ཤིང་། ས་གནས་ཀྱིས་ལས་བྱེད་པ་དང་མང་ཚོགས༢༡༠༠༠ལྷག་ཙམ་དང་འཁོར་རིགས་དང་འཕྲུལ་ཆས༡༤༠༠ལྷག་ཙམ་བཏང་བ་དང་། བོད་དམག་ཁུལ་ཁང་གིས་དཔོན་དམག༤༩༧༤བཏང་བ་དང་། འཁོར་རིགས་སྣ་ཚོགས༧༥༠ལྷག་ཙམ་བཏང་བ། ཐད་འཕུར་གནམ་གྲུ༣༢བཏང་བ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག ༥༡༠༣དང་འཁོར་རིགས་དང་ལས་གྲྭའི་འཕྲུལ་ཆས༢༠༦བཏང་བ། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་མི་ཐེངས༤༧༩༣བཏང་བ། བོད་ལྗོངས་སྤྱི་བདེ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག༢༨༢དང་འཁོར་རིགས༤༧བཏང་ཡོད་ཅིང་། མིག་སྔར་བཀོད་སྒྲིག་བྱ་ཡུལ༡༥༦བཙུགས་པ་དང་མང་ཚོགས༥༢༤༣༣གནས་སྤོ་བཀོད་སྒྲིག་བྱས་ཡོད་པ་རེད།
སླར་ཡང་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ནུས་ལྡན་འོག་བོད་དམག་ཁུལ་ཁང་བཀོད་འདོམས་སྐམ་དམག་དང་མཁའ་དམག་དཔུང་སྡེས་ཟླ༤ཚེས༢༨ཉིན་གྱི་ཆུ་ཚོད༡༩པ་ནས་བཟུང་ཐད་འཕུར་གནམ་གྲུ༢༠བཏང་ནས་མངའ་ཁོངས་ཕྱིར་རོགས་སྐྱོབ་ཏུ་བསྐྱོད་དེ་ནེ་པ་ལའི་མངའ་ཁོངས་སུ་ཉེན་ཁར་གྱར་བའི་ནེ་པར་ལར་རོགས་སྐྱོབ་བྱེད་མཁན་འགག་གསུམ་ཚོགས་པའི་ཆུ་གློག་ཅུས༧པའི་ལས་མི༢༧༩(རྨས་སྐྱོན་ཚབས་ཆེན་ཕོག་པ༢དང་རྨས་སྐྱོན་ཅུང་ཟད་ཕོག་པ༣༢ཚུད་ཡོད)ཚང་མ་བདེ་བླག་ངང་གནས་སྤོ་བྱས་པ་རེད། མི་ཚང་མ་ཟླ༤ཚེས༢༩ཉིན་གྱི་ཆུ་ཚོད༡༢དང་ཕྱེད་ཀར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པ་མ་ཟད་བཀོད་སྒྲིག་ནུས་ལྡན་ཡང་བྱུང་ཡོད་པ་རེད། །