ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཟླ༥པ་ནས་བཟུང་སྒྲིག་སྲོལ་གསར་བ་འདི་དག་ལག་བསྟར་བྱེད་རྒྱུ་རེད།

2015-05-06

ཟླ ༥ པ་ནས་བཟུང་རྒྱལ་ཡོངས་ཀྱི་ཁྲིམས་ཁང་ནས་གྱོད་གཞི་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། མང་ཚོགས་ཀྱིས་དཔོན་མི་ཞུ་གཏུག་བྱེད་པར་ཁྲིམས་འཛིན་གྱིས་རྒྱབ་སྐྱོར་བྱེད་རྒྱུ། དངུལ་ཁང་གི་མ་རྩ་རྡིབ་པ་ན། སྒོར་ཁྲི༥༠མན་གསོག་ཉར་བྱས་པར་སྐྱིན་ཚབ་ཆད་ལྷག་མེད་པར་གནང་རྒྱུ། རྒྱལ་ཡོངས་ཀྱི་མེ་འཁོར་ནང་ལོང་ཁྱི་འཁྲིད་ཆོག་པ། ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་མཁན་གྱི་ཚུལ་མིན་བྱ་སྤྱོད་ཞུ་གཏུག་བྱས་ཆོག་པ། པེ་ཅིང་དུ་ལོང་ཁྱི་ས་འོག་མེ་འཁོར་ནང་ཁྲིད་ཆོག་པ་དང་། ས་འོག་མེ་འཁོར་ནང་བརྡ་ཁྱབ་རིགས་སྦྱར་མི་ཆོག་པ། ཧྲན་ཏུང་དང་ཧྥུ་ཅན་དུ་མྱུར་སྐྱེལ་ལས་རིགས་ཀྱིས་སྤྱོད་པ་ཐ་ཤལ་ངང་དངོས་ཟོག་དབྱེ་གསེད་བྱེད་པར་ཆེས་མཐོའི་དམངས་སྒོར་ཁྲི་གསུམ་གྱི་ཆད་པ་གཅོད་རྒྱུ་བཅས་གཏན་འབེབས་གསར་བ་སྐོར་ཞིག་ལག་བསྟར་གནང་རྒྱུ་རེད།

གཅིག ཟླ ༥ པའི་ཚེས ༡ ཉིན་ནས་བཟུང་བཅོལ་དངུལ་འགན་ལེན་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། སྐྱིན་ཚབ་མ་དངུལ་ཆེས་མཐོའི་དམངས་སྒོར་འབུམ་ལྔ་རེད།

ཟླ ༥ པའི་ཚེས ༡ ཉིན་ནས་བཟུང་བཅོལ་དངུལ་འགན་ལེན་ལམ་ལུགས་དངོས་སུ་ལག་བསྟར་བྱས་ཤིང་། སྲོལ་ཡིག་ནང་སྐྱིན་ཚབ་མ་དངུལ་མཐོ་ཤོས་སྒོར་འབུམ་ལྔ་ཡིན་པ་དང་། ཀྲུང་དབྱང་དངུལ་ཁང་གི་གཞི་གྲངས་ལྟར་ན་སྐྱིན་ཚབ་མ་དངུལ་འབུམ་ལྔ་ཡིས་དངུལ་བཅོལ་མཁན་བརྒྱ་ཆའི ༩༩.༥༣ གྱི་བཅོལ་དངུལ་ལ་འགན་སྲུང་ལེགས་པོ་བྱས་ཡོད།

དེ་ཡང་སྒོར་བྱེ་བ་གཉིས་ལ་དཔེ་བླངས་ན། དངུལ་ཁང་མི་འདྲ་བ་བཞི་ལ་འབུམ་ལྔ་རེ་བཅོལ་ཆོག་པ་དང་། གཏན་འབེབས་གསར་བའི་ནང་ཡང་མ་དངུལ་དངུལ་ཁང་མི་འདྲ་བ་དུ་མར་བཅོལ་ན་བཅོལ་དངུལ་ཆད་ལྷག་མེད་པར་འགན་སྲུང་བྱེད་ཐུབ་པ་གཏན་འཁེལ་གནང་ཡོད།

གཉིས། ཟླ ༥ འི་ཚེས ༡ ཉིན་ནས་བཟུང་ལོང་ཁྱི་མེ་འཁོར་དུ་འཁྲིད་ཆོག

ཟླ ༥ པའི་ཚེས ༡ ཉིན་ནས་བཟུང་། ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིས《ལོང་པས་ལོང་ཁྱི་འཁྲིད་དེ་མེ་འཁོར་དུ་བསྡད་ཆོག་པའི་འབྲེལ་ཡོད་གཏན་འབེབས﹙ཚོད་ལྟ﹚》དངོས་སུ་ལག་བསྟར་བྱས་ཤིང་།

རྗེས་ཕྱོགས་ལོང་ཁྱི་འཁྲིད་མཁན་སྐུ་མགྲོན་གྱིས་མེ་འཁོར་ལམ་ལ་མ་ཆས་གོང་གི་ཆུ་ཚོད་བཅུ་གཉིས་སྔོན་ལ་པ་སེ་ཉོ་སའམ་ཡང་ན་ལྕགས་ལམ་ཞབས་ཞུ་ལྟེ་གནས་ཀྱི་ཁ་པར ༡༢༣༠༦ ལ་འབྲེལ་བ་བྱས་ཏེ། ལོང་ཁྱི་མེ་འཁོར་དུ་འཁྲིད་སྐོར་གྱི་དགོས་མཁོ་གསལ་བཤད་གནང་དགོས། གཏན་འབེབས་བྱེ་བྲག་པ་དག་ལྕགས་ལམ་ཞབས་ཞུ་ལྟེ་གནས་ཀྱི་ཁ་པར ༡༢༣༠༦ གམ་ཡང་ན་མེ་འཁོར་འབབ་ཚིགས་ཁག་གི་ཞབས་ཞུ་ཁ་པར་བརྒྱུད་དྲིས་ཆོག་ལ། གཞན ༡༢༣༠༦ ལྕགས་ལམ་ཞབས་ཞུ་ལྟེ་གནས་དྲ་ཚིགས་ཐོ་འགོད་བརྒྱུད་ནས་གནས་ཚུལ་དྲིས་ཀྱང་ཆོག

གསུམ།《སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས》གསར་བ་ཡང་ཟླ ༥ བའི་ཚེས ༡ ཉིན་ནས་བཟུང་ལག་བསྟར་བྱས། ད་ལོའི་ཟླ ༥ པའི་ཚེས ༡ ཉིན་ནས་བཟུང《སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས》གསར་བ་ལག་བསྟར་བྱས་ཤིང་། དེ་ནི་མང་ཚོགས་ཀྱིས་དཔོན་མི་ཞུ་གཏུག་བྱེད་པའི་སྐོར་གྱི་ཁྲིམས་ལུགས་ཤིག་ཡིན་པས་སྲིད་གཞུང་དང་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་ཐོབ།

བཅའ་ཁྲིམས་གསར་བ་འདིས་ཐོག་དང་པོར་གྱོད་གཞི་ཐོ་འགོད་ལམ་ལུགས་གཏན་འབེབས་བྱས་ཤིང་། ཞུ་གཏུག་གི་ནང་དོན་ཁྲིམས་དང་མཐུན་ཞིང་ཞུ་གཏུག་གི་ཆ་རྐྱེན་དང་ལོངས་པའི་གྱོད་གཞི་ཐོ་འགོད་ཆོག་པར་གསལ་འབེབས་བྱས་ཡོད། དེས་རྗེས་ཕྱོགས་མང་ཚོགས་ཀྱིས་དཔོན་མི་ཞུ་གཏུག་ཆོག་པས་ན། མང་ཚོགས་ཀྱིས་སྲིད་འཛིན་ཞུ་གཏུག་ལ་གི་སེམས་ཤུགས་ཆེ་རུ་སྐྱེད་ཡོད་པ་དང་། སྲིད་འཛིན་ཞུ་གཏུགས་ཀྱི་གྱོད་དོན་ཡང་ཇེ་མང་དུ་འགྲོ་སྲིད་པ་རེད།

བཞི། ཟླ༥པའི་ཚེས༡ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་བསྡུ་ལེན་དོ་དམ་ཚད་ལྡན་དུ་གཏོང་པ་ཁྱོན་ཡོངས་ནས་ཚོད་ལྟའི་ལག་ལེན་བྱེད་རྒྱུ་རེད།

ཟླ༥པའི་ཚེས༡ཉིན་ནས་བཟུང་། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁོངས་སུ《རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་བསྡུ་ལེན་ཚད་ལྡན》ཚོད་ལྟའི་ལག་ལེན་གནང་རྒྱུ་རེད།

ཁྲལ་དོན་དང་འབྲེལ་བའི་ལས་རིམ་ཁག་ལ་ཁྲལ་བསྡུའི་ཁྲིམས་བཅད་རྩ་དོན་རྒྱུན་འཁྱོངས་དང་། ཁྲལ་བསྡུའི་དོ་དམ་གྱི་ལས་དོན་ཡོད་ཚད་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་དགོས་པ་གཏན་འཁེལ་བྱས་ཡོད།

དོ་དམ་ཞབས་ཞུ་དེ་བས་དྲང་བཞག་ཚད་ལྡན་དུ་གཏོང་དགོས་པ། ཁྲལ་དོན་ལས་ཁུངས་ཀྱི་འགན་ནུས་ལག་བསྟར་དང་། ཁྲལ་འཇལ་མཁན་གྱི་ཁྲལ་འཇལ་རེ་འདོད་དུས་ཐོག་ཏུ་དང་ལེན་བྱས་ཏེ་ཁྲལ་འཇལ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་པའི་བྱ་སྤྱོད་སྔོན་འགོག་བྱེད་དགོས།

ལས་སྒོ་སྒྲུབ་པ་སྔར་བས་སྟབས་བདེ་ཡོང་དགོས། ལས་ཁུངས་ཁུ་བསྡུའི་བླང་བྱ་ལྟར། གཟིགས་སྐྱོང་གི་ཐག་གཅོད་ལས་རིམ་ཚད་ལྡན་ཡོང་པ་བྱ་དགོས།

ལྔ། ཟླ༥པའི་ཚེས༡ཉིན་ནས་བཟུང་། ཧྲའན་ཤིས་དང་ཧོང་ཀང་གི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྤར་བ།

ཉེ་ཆར། ཧྲའན་ཤིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིག་ཆ་བཀྲམས་ནས། ཧྲའན་ཤིས་ཞིང་ཆེན་གྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྤར། ཚད་གཞི་སྤར་རྗེས་ཀྱི་མ་མཐའི་གླ་ཕོགས་ནི་གཤམ་ལྟར།

གླ་ཕོགས་རིམ་པ་དང་པོའི་ས་ཆར། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ཟླ་རེར་སྒོར༡༤༨༠དང་། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ཆུ་ཚོད་རེའི་ཆེས་མཐའི་གླ་ཕོགས་ཆུ་ཚོད་རེར་སྒོར༡༤.༨རེད།

གླ་ཕོགས་རིམ་པ་གཉིས་པ་ས་ཆར། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ཟླ་རེར་སྒོར༡༣༧༠དང་། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ཆུ་ཚོད་རེའི་ཆེས་མཐའི་གླ་ཕོགས་ཆུ་ཚོད་རེར་སྒོར༡༣.༧རེད།

གླ་ཕོགས་རིམ་པ་གསུམ་པའི་ས་ཆར། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ཟླ་རེར་སྒོར༡༢༦༠དང་། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ཆུ་ཚོད་རེའི་ཆེས་མཐའི་གླ་ཕོགས་ཆུ་ཚོད་རེར་སྒོར༡༢.༦རེད།

གླ་ཕོགས་རིམ་པ་བཞི་བའི་ས་ཆར། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ནི་ཟླ་རེར་སྒོར༡༡༩༠དང་། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ཆུ་ཚོད་རེའི་ཆེས་མཐའི་གླ་ཕོགས་ཆུ་ཚོད་རེར་སྒོར༡༡.༩རེད།

དེ་དང་ཆབས་ཅིག ཧོང་ཀང་གིས་ཀྱང་༢༠༡༥ལོའི་ཟླ༥པའི་ཚེས༡ཉིནས་བཟུང་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྤར་འདུག་ཅིང་། ཁྲིམས་བཀོད་ཀྱི་མ་མཐའི་གླ་ཕོགས་ནི་ད་ཆའི་ཆུ་ཚོད་རེར་ཀང་སྒོར༣༠ནས་ཆུ་ཚོད་རེར་སྒོར༣༢.༥ལ་སྤར་འདུག

དྲུག ཧྥུ་ཅན་དང་ཧྲན་ཏུང་གི་མྱུར་སྐྱེལ་ལས་རིགས་སྒྲིག་སྲོལ་གསར་པ་ཟླ༥པའི་ཚེས༡ཉིན་ལག་བསྟར་བྱས། དངོས་ཟོག་དབྱེ་གསེད་ཀྱི་བྱ་སྤྱོད་ཐ་ཤལ་ཅན་ལ་ཆད་པ་གཅོད་རྒྱུ་རེད།

《ཧྥུ་ཅན་ཞིང་ཆེན་གྱིས་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐབས》ཟླ༡པོའི་ཚེས༡༦ཉིན་ཆོག་འཐུས་བྱུང་། ཟླ༥པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱས། 《བྱེད་ཐབས》སུ། མྱུར་སྐྱེལ་ཁེ་ལས་ཀྱིས་དངོས་ཟོག་ལ་སྤྱོད་པ་ཐ་ཤལ་གྱི་ལམ་ནས་དབྱེ་གསེད་དང་། རྡོག་བརྫིས་བྱེད་པ་སོགས་ལ་ཆེས་མཐོའི་དམངས་སྒོར་ཁྲི༢ཀྱི་ཆད་པ་གཅོད་རྒྱུ་རེད།

《ཧྲན་ཏུང་ཞིང་ཆེན་གྱི་སྐུར་སྐྱེལ་བདེ་འཇགས་དོ་དམ་བྱེད་ཐབས》ཟླ༥པའི་ཚེས༡ཉིན་ལག་བསྟར་བྱས། དེའི་ཁྲོད། སྐྱེལ་གཏོང་ཁེ་ལས་ཀྱིས་དབྱེ་གསེད་དང་།སྐྱེལ་འདྲེན་གྱི་གོ་རིམ་ཁྲོད་ཆུ་ཚོད༢༤ཡི་རིང་ལྟ་སྐུལ་དོ་དམ་གནང་དགོས་པ་དང་། ལྟ་སྐུལ་ཡིག་ཚགས་མ་མཐའ་ཡང་ཉིན༣༠ཡི་རིང་ཉར་ཚགས་བྱེད་དགོས།

སྐུར་སྐྱེལ་ཁེ་ལས་ཀྱིས་དམིགས་བསལ་བྱེད་ཐབས་བཏོན་ནས་སྐུལ་སྐྱེལ་དངོས་ཟོག་གི་སྐུར་སྐྱེལ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཤིང་། དངོས་ཟོག་གཡུག་པ་དང་། རྡོག་བརྫིས་གཏོང་པ་སོགས་དང་ཉེན་ཁ་ཆེ་བའི་བྱེད་སྤྱོད་ཀྱིས་དངོས་ཟོག་ལ་ཆག་སྐྱོན་བཟོ་བ་གཏན་འགོག་བྱེད་དགོས་ཤིང་། དེ་ལྟར་མ་བྱས་ཚེ་དམངས་སྒོར་ཁྲི་གཅིག་ཡན་དང་ཁྲི་གསུམ་མན་གྱི་ཆད་པ་གཅོད་རྒྱུ་རེད།

བདུན། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་རྒན་གསོའི་སྒྲིག་སྲོལ་ཐོག་མ་ལག་བསྟར་བྱས།

《པེ་ཅིང་གྲོང་ཁྱེར་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་སྒྲིག་སྲོལ》ཟླ༥པའི་ཚེས༡ཉིན་ནས་ལག་བསྟར་བྱས། འདི་ནི་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་རྒན་གསོའི་ས་གནས་ཁྲིམས་སྲོལ་ཐོག་མ་རེད།

ཆ་རྐྱེན་དུ་ལོངས་པའི་ཡོང་འབབ་དམའ་བ་དང་། ནུས་བ་ཉམས་པ། ཁེར་ཧྲེང་སོགས་དམིགས་བསལ་དཀའ་ངལ་ཅན་གྱི་རྒན་པར་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་གསབ་དངུལ་སྤྲོད་རྒྱུ་དང་། དགོས་མཁོ་ལྟར་ཁྱིམ་ཚང་དུ་བཀག་རྒྱ་མེད་པའི་སྒྲིག་ཆས་ལ་བཅོས་སྒྱུར་དང་། འཚོ་བའི་རམ་འདེགས་ཡོ་བྱད་མཁོ་སྤྲོད་གནང་དགོས།

བརྒྱད། ཟླ༥པའི་ཚེས༡ཉིན་ནས་བཟུང་། པེ་ཅིང་གི་ས་འོག་མེ་འཁོར་ནང་སློང་མོ་དང་འཁྲབ་སློང་བྱས་ཚེས་ཆེས་མཐོའི་དམངས་སྒོར༡༠༠༠གི་ཆད་པ་གཅོད་རྒྱུ་རེད།

ཟླ༥པའི་ཚེས༡ཉིན་ནས་བཟུང་། 《པེ་ཅིང་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་གཉེར་སྐྱོང་བདེ་འཇགས་སྒྲིག་སྲོལ》དངོས་སུ་ལག་བསྟར་བྱས། ལོང་པས་ལོང་ཁྱི་ཁྲིད་དེ་འཁོར་རིགས་སུ་བསྡད་ཆོག་པ་གཏན་འཁེལ་བྱས་འདུག

དེ་ལས་ལྡོག་སྟེ། ས་འོག་མེ་འཁོར་ནང་སློང་མོ་བྱེད་པའམ། འཁྲབ་སློང་བྱེད་མཁན་རིགས་ལ་ཆེས་མཐོའི་དམངས་སྒོར༡༠༠༠དང་། བརྡ་ཁྱབ་ཆུང་ངུའི་རིགས་འགྲེམས་མཁན་ལ་ཆེས་མཐོའི་དམངས་སྒོར་ཁྲི༡གི་ཆད་པ་གཅོད་རྒྱུ་རེད།

དགུ པེ་ཅིང་གིས་བོགས་གཏོང་རླངས་འཁོར་བེད་མེད་ཟུར་འཇོག་གི་ལོ་ཚད་ནི་ལོ༨ནས༦ཏུ་བཏང་འདུག

ཟླ༥པའི་ཚེས༡ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་རླངས་སྣུམ་བོགས་གཏོང་རླངས་འཁོར་བེད་མེད་ཟུར་འཇོག་གི་ལོ་ཚད་ནི་ལོ་༨ནས་༦ཏུ་བསྒྱུར་འདུག་པ་དང་། གློག་སྒུལ་བོགས་གཏོང་རླངས་འཁོར་དང་བཀག་རྒྱ་མེད་པའི་བོགས་གཏོང་རླངས་འཁོར། བྱེད་སྒོ་གལ་ཆེན་ལ་འགན་སྲུང་ཐད་སྤྱོད་པའི་བོགས་གཏོང་རླངས་འཁོར་ནི་ཐེངས་འདིར་བཅོས་སྒྱུར་གྱི་ནང་དུ་མི་ཐེ།

བཅུ། ཧྲན་ཏུང་ཞིང་ཆེན་གྱི་སྡོད་ཁང་ཉམས་གསོའི་མ་དངུལ་གྱི་སྒྲིག་སྲོལ་གསར་པར། ཁང་བདག་སུམ་ཆའི་གཅིག་ངོ་རྒོལ་མ་བྱས་ཚེ་ཉམས་གསོའི་མ་དངུལ་བེད་སྤྱོད་བཏང་ཆོག

ཟླ༥པའི་ཚེས༡ཉིན་ནས་དངོས་སུ་ལག་བསྟར་བྱས་པའི་《ཧྲན་ཏུང་ཞིང་ཆེན་གྱི་སྡོད་ཁང་ཉམས་གསོའི་ཆེད་སྤྱོད་མ་དངུལ་དོ་དམ་བྱེད་ཐབས》སུ། ངོ་རྒོལ་བྱེད་མཁན་སུམ་ཆའི་གཅིག་ལས་ཉུང་ན་ཉམས་གསོའི་མ་དངུལ་བེད་སྤྱོད་བཏང་ཆོག་པ་དང་། གློག་སྐས་ལ་སྐྱོན་ཞུགས་ནས་སྐྱེལ་མཚམས་འཇོག་པ། ས་འོག་འཁོར་ཁང་དུ་ཆར་ཆུ་ཕྱིར་རྒྱུགས་པ་སོགས་གནད་འགག་སྐབས་འགོག་མེད་བགྲོད་ལམ་ཐོག་བསྐྱོད་ཆོག་པ་གཏན་འཁེལ་བྱས་ཡོད།

འབྲེལ་ཡོད་རྩོམ་ཡིག