ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྫོང་ཨུ་ཧྲུའུ་ཅིས་ལྐོག་རྔན་ཟོས་པའི་ཉེས་དོན་ལས་འབྲེལ་ཡོད་དཔོན་རིགས ༡༢༩ ལྷག་བསྔོག་བཤེར་བྱས།

2015-05-11

ཅུན་རྫོང་ལམ་ལུགས་ལས་གནམ་འོག་བདེ་བར་འོངས་ཞེས་པ་ལྟར། ཏང་གི་རྩ་འཛུགས་སྒྲིག་གཞི་དང་རྒྱལ་ཁབ་གྱི་སྲིད་དབང་སྒྲིག་གཞིའི་ཁྲོད་དུ། རྫོང་ཁག་རིམ་པ་ནི་གོང་མཐུད་འོག་འདྲེན་བྱེད་པའི་གནད་འགག་ཐུག་ས་ཞིག་ཏུ་གྱུར་འདུག རྫོང་ཨུ་ནི་ཏང་གིས་སྲིད་སྐྱོང་རྒྱལ་སྤེལ་བྱེད་པའི་བཀོད་འདོམས་པུའུ་གཙོ་ཆེ་ཤོས་ཡིན་པ་དང་། རྫོང་ཨུ་ཧྲུའུ་ཅི་ནི་སྤྱི་ཁྱབ་བཀོད་འདོམས་པ་གཙོ་བོ་རེད། རྫོང་ཨུ་ཧྲུའུ་ཅིའི་ལས་གནས་འདི་ནི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་འགན་སྲུང་། བདེ་འཇགས་སྲུང་འཛིན་བཅས་ལ་འགན་ལེན་བྱེད་མཁན་ཡིན་པས་འགན་ལྕི་ལ་དབང་ཆེ། དུས་མཚུངས་སུ་ཁོང་ཚོར་ཕྱོགས་མང་པོའི་བསླུ་བྲིད་དང་གནད་དོན་སོགས་གང་མང་ལ་འཕྲད་སྲིད་པ་ཞིག་རེད།

ད་ལོའི་སྤྱི་ཟླ་ ༡ ཚེས ༡༢ ཉིན། རྒྱལ་ཁབ་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྐབས་དང་པོའི་རྫོང་ཨུ་ཧྲུའུ་ཅིའི་གསབ་སྦྱོང་འཛིན་གྲྭའི་བཞུགས་མོལ་གྲོས་ཚོགས་ཀྱི་སྟེང་ནས་གསུངས་དོན། རྫོང་ཨུ་ཧྲུའུ་ཅི་ཚད་ལྡན་ཞིག་ཡིན་ན་རྫོང་ཨུ་ཧྲུའུ་ཅི་ཅའོ་ཡུས་ལུའུ་ལྟ་བུར་མིག་དཔེར་བལྟ་དགོས་པ་དང་། དུས་རྟག་ཏུ་ཏང་དང་མི་དམངས། འགན་འཁྲི། སྒྲིག་ཁྲིམས་སོགས་སེམས་ཁོང་ལ་འཛིན་དགོས་པར་གསུངས།

རྫོང་ཨུ་ཧྲུའུ་ཅི་འགའ་ཤས་འཛིན་བཟུང་ཐེབས་པའི་ཐད་ལ་དོགས་ཟོན་བྱེད་དགོས་པ།

ན་ནིང་གི་སྤྱི་ཟླ ༢ ཚེས ༢༨ ཉིན། ཅང་ཞི་ཞིང་ཆེན་ཧེས་ཁྲང་རྫོང་གི་རྫོང་ཨུ་ཧྲུའུ་ཅི་ཧྥུའུ་ཁྲོན་རོང་གི་ཁྲིམས་འགལ་དོགས་གཞིར་ཞིབ་དཔྱད་བྱས་པ་ནས་བཟུང་། ད་ལོའི་ཟླ ༤ ཚེས་ ༩ ཉིན་ཧུའུ་པེ་ཞིང་ཆེན་ཆིན་ཧེ་རྫོང་གི་རྫོང་ཨུ་ཧྲུའུ་ཅི་ཅུད་ཏུང་ཧྲུ་ཡི་ཁྲིམས་འགལ་དོགས་གཞིར་འབྲེལ་ཡོད་རྩ་འཛུགས་ཀྱིས་བརྡ་ཁྱབ་སྤེལ་བའི་བར་དུ། དབང་གྲགས་ཐབས་ལམ་གང་མང་གིས་བཀོད་པའི་བརྡ་ཁྱབ་ གསར་འགྱུར་ལྟར་ན་མ་མཐར་ཡང་རྫོང་ཨུ་ཧྲུའུ་ཅི་ ༣༨ ལྷག་འཛིན་བཟུང་ཐེབས་འདུག སྲོག་ཁྲིམས་དུས་འགྱངས་བཅད་པའི་ཅང་ཞི་ཞིང་ཆེན་ནན་ཁྲང་རྫོང་གི་སྔར་གྱི་རྫོང་ཨུ་ཧྲུའུ་ཅི་ཐང་ཁྲིན་ཆུས་ལྐོག་རྔན་སྒོར་ཁྲི་ ༣༩༠༡ བླངས་པ་དང་། ལས་གནས་སྣང་མེད་ལྷོད་གཡེང་དུ་བཏང་བ། འགན་དབང་གང་བྱུང་དུ་སྤྱད་པ་བཅས་ལས་རྒྱལ་ཁབ་ལ་མ་དངུལ་སྒོར་དུང་ཕྱུར་ ༢༨ ལྷག་གི་གྱོང་གུད་བཟོས་པ་རེད།ཨན་ཧའེ་ཞིང་ཆེན་སི་རྫོང་གི་སྔར་གྱི་རྫོང་ཨུ་ཧྲུའུ་ཅི་ཡན་ཅིང་ཞིན་གྱིས་ལོ་ངོ་བཅུའི་ནང་ལྐོག་རྔན་ཐེངས ༦༠༠ ལྷག་ཟོས་པ་དང་། ཆ་སྙོམས་ཀྱིས་གཟའ་འཁོར་རེར་ཐེངས་གཅིག་ལ་ལྐོག་ཟ་བྱས་པའི་ཚད་དུ་འདུག་ལ། ལྐོག་ཟ་བྱས་པའི་མ་དངུལ་སྒོར་ཁྲི་ ༥༠༠ ལྷག་ལ་སླེབས་འདུག་པ་རེད།

གཞི་རིམ་གྱི་རྙོག་འཛིང་ཆེ་བའི་འབྲེལ་བ་སྣ་མང་གི་ཁྲོད་དུ་རྐང་འཛིན་གྱི་ནུས་པར་གྱུར་ཡོད་པ་ནི་རྫོང་ཨུ་ཧྲུའུ་ཅི་རེད། ནམ་རྒྱུན་རྒྱུ་རྔན་ལྐོག་ཟའི་དོན་རྐྱེན་གཅིག་ལས་ས་གནས་དེ་གའི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་མི་སྣ་མང་པོར་ཤུགས་རྐྱེན་ཐེབས་འདུག་པ་ཞིག་ཏུ་གྱུར་འདུག ཀན་སུའུ་ཞིང་ཆེན་ཧྭ་ཐེན་་རྫོང་གི་སྔར་གྱི་རྫོང་ཨུ་ཧྲུའུ་ཅི་རིན་ཙུན་ལུའུ་ཡིས་རྒྱུ་རྔན་ལྐོ་ཟ་སྒོར་ཁྲི་ ༩༩༡ བྱས་འདུག་པ་དང་། དེ་ལས་གཞན་པའི་རྒྱུ་ནོར་སྒོར་ཁྲི་ ༤༡༡ ལྷག་ཡོད་པ་དེ་གར་ཡོང་གསལ་ཆ་ཡོང་མི་འདུག་ལ། གྱོད་དོན་འདི་ལས་ཧྭ་ཐེན་རྫོང་གི་འགོ་ཁྲིད་དཔོན་རིགས་ ༡༢༩ ལྷག་དེའི་ཁོང་དུ་ཚུད་ཡོད་པ་དང་། ཕལ་ཆེར་རྫོང་དེའི་རྫོང་ཨུ་དང་རྫོང་སྲིད་གཞུང་དང་། དེ་ལས་གཞན་ཞང་དང་གྲོང་བརྡལ་གྱི་སྲིད་གཞུང་ལས་ཁུངས་གང་མང་དེའི་ཁོངས་སུ་འདུས།

ཧྲུའུ་ཅི་རིན་ཙུན་ལུའུ་ཡིས་རྒྱུ་རྔན་ལྐོག་ཟ་བྱས་པ་དང་འབྲེལ་ཡོད་ཀྱི་དཔོན་རིགས་ ༡༢༩ ཡིས་ལྐོག་རྔན་སྤྲོད་ལེན་བྱས་པའི་རྩིས་ཐོ་རི་མོ།

མི་བུ་ཚང་མར་མི་མདང་ས་རེ་ཡོད་དེ། རྒྱུ་ལ་མི་དགའ་མ་ཚང་མ་མཛེས་མར་དགའ་བ་དང་། མཛེས་མར་མི་དགའ་བ་ཐམས་ཅད་ཡིག་རིས་ལ་དགའ་བ་ནང་བཞིན། པེ་ཅིན་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་དགེ་རྒན་ཆེན་མོ་བ་ ཀྲུའི་ཀྲེ་རིན་ལགས་ལགས་ཀྱིས་བརྗོད་དོན། རྫོང་ཨུ་ཧྲུའུ་ཅི་ལ་ཐོན་ཁུངས་བགོ་བཤའ་རྒྱག་པ་དང་ལས་བྱེད་པ་འདེམ་བསྐོ་བྱེད་པའི་ དབང་ཆ་ཆེན་པོ་ཡོད་པས། མི་ལ་ལས་ཐབས་བཀོད་སྣ་ཚོགས་བཙལ་ནས་ཁོ་ཚོའི་ཁམས་དང་མཐུན་པ་བྱེད་པ་དང་། དེའི་ཁེ་དབང་བེད་སྤྱོདཅི་ཐུབ་བྱས་ཏེ་རང་གི་ཁེ་ཕན་དོན་གཉེར་བྱེད་པ་རེད་ཅེས་གསུངས།

འཛིན་བཟུང་ཐེབས་པའི་རྫོང་ཨུ་ཧྲུའུ་ཅི་དག་གིས་ཐབས་ལམ་གང་དག་སྤྱད་ནས་རྒྱུ་ནོར་ལྐོག་ལེན་བྱས་པ།

གཅིག ཐོན་ཁུངས་ལྐོག་འཚོང་བྱེད་པ་དང་གཞུང་གི་རྒྱུ་ནོར་ལ་གཏོར་བརླག་བཏང་ནས་རང་ཉིད་ལ་ཁེ་ཕན་འབོར་ཆེན་བསྐྲུན་པ། རང་བྱུང་གཏེར་ཁ་ཕུན་སུམ་ཚོགས་པའི་ས་གནས་ལ་མཚོན་ན། རྫོང་ཨུ་ཧྲུའུ་ཅི་ལ་ལས་རྫོང་གཏེར་རྫས་དོ་དམ་ཅུའུ་དང་ངན་ འབྲེལ་བྱེད་པ་ནས་ཐད་ཀར་གཏེར་ཁ་སྔོག་འདོན་དང་ཉོ་འཚོང་ བཅས་ལ་ཐེ་ཇུས་བྱེད་པ་དང་། ལྐོག་ཏུ་ཉོ་འཚོང་བྱེད་པ་དང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱེད་པ། ཐ་ན་གུན་མེད་མ་དངུལ་གཏོང་བ་སོགས་བརྒྱུད་ནས་ཁེ་སྤོགས་འབོར་ཆེན་ལྐོག་ལེན་བྱེད་ པ་རེད། གཏེར་རྫས་ཐོན་ཁུངས་རུལ་སུངས་ཀྱི་རྣམ་པ་ནི་རྫོང་ཨུ་ཧྲུའུ་ཅི་དག་འཛན་བཟུང་ཐེབས་པའི་རྒྱུན་མཐོང་གི་ཐབས་ལམ་ཡིན་ཏེ། གཏེར་ཁུངས་ཕུན་སུམ་ཚོགས་པའི་ཅང་ཞི་ཞིང་ཆེན་གྱི་ཨན་ཡོན་དང་འབྲེལ་ཡོད་ཀྱི་རུལ་སུངས་ཀྱི་དོན་རྐྱེན་དག་གི་ཁྲོད། སྔར་གྱི་རྫོང་ཨུ་ཧྲུའུ་ཅི་ཆི་ཀོང་ཧྭས་རང་གི་ནུ་མོ་སོགས་གཉེན་ཉེ་མང་པོར་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱེད་དུ་བཅུག་པ་དང་། ཁོའི་ནུ་མོའི་ཁྲིམས་འགལ་ཉོ་འཚོང་ལ་རོགས་སྐྱོར་བྱས་པ་བརྒྱུད་ནས་ཁེ་སྤོགས་སྒོར་ཁྲི་ ༤༠༠༠ ལྷག་ལོན་ཏུ་བཅུག ན་ནིང་ཁྲིམས་ ཐ ག་བཅད་པའི་ཨན་ཧའེ་ཞིང་ཆེན་ལུའུ་ཨན་གྲོང་ཁྱེར་གྱི་མགོ་ཁྲིད་གཞོན་པ་ཆོན་ཅུན་ལིང་གིས་ཧའོ་ཆུའུ་རྫོང་གི་རྫོང་ཨུ་ཧྲུའུ་ཅིའི་འགན་གཞེས་པའི་དུས་སུ། ཁེ་དབང་སྒེར་གཅོད་བྱས་པ་དང་། གཏེར་ཁུངས་དབང་ཆ་བཤུག་སྤྲོད་བྱས་པར་རྩད་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་འགལ་གྱིས་རིན་གོང་དཔྱད་བསྡུར་གྱི་ཐད་ལ་ཐེ་གཏོགས་བྱས་པས་རྒྱལ་ཁབ་ལ་སྒོར་དུང་ཕྱུར་ ༥.༢ ལྷག་གི་དཔལ་འབྱོར་གྱོང་གུན་ཆེན་པོ་བཟོས་པ་རེད། གཞན་ཡང་ཀོང་ཞི་ཝུའུ་ཞོན་རྫོང་གི་སྔར་གྱི་རྫོང་ཨུ་ཧྲུའུ་ཅི་ལིས་ཆི་ལང་དང་ཕུན་ཅིང་ཡུས་ སོགས་ཀྱིས་ཀྱང་སྲིད་འཛིན་ཆོག་མཆན་གནང་བའི་དབང་ཆ་དང་སྲིད་སྐྱོང་ཁེ་དབང་སྤྱད་ནས་ཐོན་ཁུངས་གསར་འབྱེད་ལ་ཇུས་གཏོགས་བྱས་བ་དང་། ལྐོག་ནས་ཁྲིམས་འགལ་ཚོགས་པ་མང་པོ་དང་སྒེར་འབྲེལ་བྱས་པ་རེད།

གཉིས། ས་ཞིང་མ་རྐང་འཇོག་པ་བཅས་ལས་རྒྱུ་འཚོལ་བ། ཀྲེ་ཅང་ཞིང་ཆེན་ཁེ་ཧྭ་རྫོང་གི་སྔར་གྱི་རྫོང་ཨུ་ཧྲུའུ་ཅི་ཝང་ཅིན་ལང་གིས་ བཟོ་སྐྲུན་འཛུགས་སྐྲུན་དང་ས་ཞིང་གསར་འབྱེད། མ་རྐང་བརྗེ་འགྱུར་སོགས་ཕྱོགས་གང་ཐད་ནས་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་ལས་ལྐོག་རྔན་དང་ཁེ་ཕན་མང་པོ་བླངས་པ་རེད། སྔ་གཞུག་ཏུ་ཐེངས་ ༥༠ ལྷག་ལ་ཁྲིམས་འགལ་གྱིས་འབྲེལ་ཡོད་མི་སྣའི་བརྫངས་པའི་རྒྱུ་ནོར་བླངས་པ་རེད། ཝུའུ་ཧན་ཞིང་ཆེན་ཤིན་ཀྲུའུ་ཁུལ་གྱི་སྔར་ཡོད་ཁུལ་ཨུ་ཧྲུའུ་ཅི་ཝང་ཧྲི་ཡུས་ཀྱིས་ས་ཞིང་ནང་བཤུག་ གཏོང་བའི་མ་དངུལ་རྩིས་བྱང་ལས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཕྱིར་བཏང་ནས་དམངས་གཉེར་ཁེ་ལས་ག་གེ་མོར་བསྐྱིས་པ་དང་། དཔོན་ཚོང་མཉམ་འབྲེལ་སྒོས་ལྐོག་རྔན་འབོར་ཆེན་བླངས་པ་བསྔོག་གཤེར་བྱས་འདུག ཀོང་ཞིས་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ལའོ་ཀོ་ཨན་གྱིས་གསུང་རྒྱུར། ཉེ་བའི་ལོ་འགའི་རིང་། ས་གནས་སོ་སོའི་སྲིད་གཞུང་གིས་མཁར་རྙིང་བསྐྱར་གསོ་དང་། ས་ཞིང་བསྒྱུར་བཅོས། རྨང་གཞིའི་འཛུགས་སྐྲུན་བཅས་ཀྱི་ཐད་ལ་མ་དངུལ་ འབོར་ཆེན་གཏོང་བཞིན་ཡོད་པ་དང་། ས་ཞིང་གི་ཡོང་སྒོ་དག་ས་གནས་སྲིད་གཞུང་གི་ལག་ཏུ་ཤོར་ཡོད་ལ། མ་དངུལ་དེ་དག་ལས་ཚད་ཧ་ཅང་ཉུང་ངུ་ཙམ་ཞིག་ད་བཟོད་རང་དབང་བཀོད་སྒྲིག་བྱས་ཆོག་པའི་གནས་སུ་ལྷུང་འདུག རྫོང་ཨུ་ཧྲུའུ་ཅི་འགའ་ཞིག་གིས་ཞིབ་བཤེར་ཆོག་མཆན་གྱི་དབང་ཆ་སོགས་སྤྱད་ནས་རྒྱུ་རྔན་ལྐོག་ཟའི་གོ་སྐབས་ལེན་བཞིན་འདུག

གསུམ། དཔོན་རིགས་ཞྭ་མོའི་ཉོ་ཚོང་ལས་རིགས་བརྒྱུད་ནས་རྒྱུ་ཐོག་ལ་རྒྱག་པ། དཔོན་རིགས་ལ་ལས་རང་ཉིད་ཀྱི་དབང་ཆ་མཐོན་པོར་བརྟེན་ནས། ལས་བྱེད་མི་སྣ་སོགས་ཡར་འཐེན་བྱེད་པ་ནི་རྫོང་ཨུ་ཧྲུའུ་ཅིའི་འགའི་རྒྱུ་ནོར་ལྐོག་ལེན་བྱེད་པའི་ཐབས་ལམ་ཞིག་ཏུ་གྱུར་འདུག ན་ནིང་ལོ་ངོ་བཅུ་བཞིའི་ཁྲིམས་ཐག་བཅད་པའི་ཡན་ཅིང་ཞིན་ལ་མཚོན་ན། དཔོན་རིགས་ཞྭ་མོ་འཚོང་བའི་ཐབས་བརྒྱུད་ནས་ལྐོག་རྔན་སྒཽར་ཁྲི་ ༣༠༠ ལྷག་བླངས་པ་དང་། ཁོ་བོ་ལ་མི་རྣམས་ཀྱི་འབོད་རྒྱུན་དུ་ལག་གཅིག་ནས་ཤོག་སྒོར་ལེན་པ་དང་། ལག་གཞན་ཞིག་ནས་དཔོན་ཞྭ་སྟེར་བའི་ཧྲུའུ་ཅི་ཞྭ་མོ་ཅན་རེད།

སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱས་ནས་བློ་སེམས་བརྟན་པོར་གཏོང་བ། ལམ་ལུགས་འཛུགས་སྐྲུན་དོ་དམ་ཁེ་དབང་ལ་ཤུགས་སྣོན་རྒྱག་པ།

སྲིད་འཛིན་རིམ་པའི་ཁྱད་པར་ལྟར་ན། མིག་སྔར་་རྫོང་ཨུ་ཧྲུའུ་ཅི་མང་ཆེ་བ་ནི་ཁྲུའུ་ཡི་རིམ་པར་གཏོགས་པ་དང་། རྫོང་ཨུ་ཧྲུའུ་ཅིས་རྒྱལ་ཡོངས་ཁྲུའུ་ཡི་རིམ་པའི་དཔོན་རིགས་ལས་བརྒྱ་ཆའི་གཅིག་ཙམ་ལས་མི་ཟིན་མོད། ཁོ་ཚོ་ནི་དམིགས་བསལ་ཅན་གྱི་ལས་བྱེད་སྡེ་ཁག་ཅིག་ཡིན་པ་དང་། ཁོ་ཚོའི་ལས་སྒྲུབ་ནུས་པ་དང་བྱ་སྤྱོད་བཟང་ ངན་གྱིས་ཐད་ཀར་ཆབ་སྲིད་ཀྱི་རྣམ་པ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྲིད། མི་གྲངས་ཁྲི་བཅུ་ནས་ཁྲི་བརྒྱ་ལྷག་ཡོད་པའི་རྫོང་ཞིག་ལ་ཁ་ལོ་བསྒྱུར་དགོས་ན། སྲིད་སྐྱོང་གི་རྨང་གཞིའི་ནུས་པ་ངེས་ཅན་ལྡན་དགོས་པས། རྫོང་ཨུ་ཧྲུའུ་ཅིའི་གོ་གནས་ནི་དཔོན་རིགས་མང་པོས་གོ་གནས་ཡར་སྤོའི་ཐེམ་སྐས་འགངས་ཆེན་ཞིག་ཏུ་གྱུར་འདུག ཡིན་ཡང་ཤེས་དགོས་པ་ཞིག་ལ། རྫོང་ཨུ་ཧྲུའུ་ཅིའི་དཔུང་ཁག་གིི་སྤྱིའི་རྣམ་པ་ནི་ལེགས་པོར་འདུག་སྟེ། རྫོང་ཨུ་ཧྲུའུ་ཅི་མང་ཆེ་བ་ནི་སྤྱོད་པ་གཙང་ཞིང་ལྷག་བསམ་རྣམ་དག་གིས་གཞུང་དོན་སྒྲུབ་པ་དང་། རྩོད་སེམས་ལྷོད་མེད་སྒོས་གཞུང་དོན་ལ་བྲེལ་བཞིན་འདུག དཔེར་ན་ཅའོ་ཡུས་ལུའུ་དང་ཀུའུ་ཝུན་ཁྲང་སོགས་ལྟ་བུ་ནི་མི་དམངས་ཀྱི་རྫོང་ཨུ་ཧྲུའུ་ཅིའི་མིག་ལྟོས་བྱེད་ས་རེད། ཉེ་བའི་ལོ་འགའི་ནང་དུའང་། ས་གནས་མང་པོར་སྔོན་ཐོན་མིག་དཔེ་བལྟ་སའི་རྫོང་ཨུ་ཧྲུའུ་ཅི་གང་མང་བྱུང་འདུག་ལ། ཁོང་རྣམ་པའི་སྤྱོད་བཟང་མཛད་རྗེས་དང་ཀུན་ཕན་ལྷག་བསམ་གྱིས་མི་དམངས་མང་ཚོགས་ཀུན་ལ་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག་འདུག

གོམ་གང་མདུན་སྤོས་ཀྱིས་རྫོང་ཨུ་ཧྲུའུ་ཅིའི་དཔུང་སྡེའི་སྤུས་ཀ་མཐོར་འདེགས་གཏོང་ཆེད། སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༡༡ པ་ནས་བཟུང་ཀྲུང་དབྱང་ཏང་གི་སློབ་གྲྭས་རྫོང་ཨུ་ཧྲུའུ་ཅི་གསོ་སྐྱོང་འཛིན་གྲྭ་རྩ་འཛུགས་བྱས་ནས། སྤྱི་ལོ ༢༠༡༧ ལོའི་བར་དུ་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་(གྲོང་ཁྱེར་དང་ས་ཁུལ། ཆུས་སོགས)ཨུ་ཡོན་ཧྲུའུ་ཅི་ཚང་མར་སྦྱོང་བརྡར་གསོ་སྐྱོང་ཐེངས་ཤིག་བྱ་བའི་འཆར་གཞི་བཟོས་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེམས་བཟང་ཚིག་ནན་སྒོས་རྫོང་ཨུ་ཧྲུའུ་ཅིའི་སྡེ་ལ་གསུངས་རྒྱུར། ཚུལ་དང་ལྡན་པའི་མི་བུ་བྱེད་པ་དང་ཛར་ཛོར་མེད་པའི་བྱ་བ་སྒྲུབ་པ། བབ་བརླིང་བརྟན་ཆགས་ཀྱི་དཔོན་རིགས་བྱེད་དགོས་པ་དང་། སྲིད་སྐྱོང་ལས་རྒྱུ་ཐོག་ལ་རྒྱག་པར་མི་འབད་པ་དང་། རྒྱུ་ཐོག་ལ་རྒྱག་འདོད་ན་ཁྲིམས་མཐུན་གྱི་ངང་ནས་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྐུལ།

རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཡུས་ཁེ་ཡིས་གསུངས་རྒྱུར། ལོ་འགའི་སྔོན་ལ་ཀྲུང་དབྱང་གིས་《རྫོང་ཨུ་ཧྲུའུ་ཅིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོནཔའི་སྒྲིག་སྲོལ་འགའ།》ཞེས་པ་དེ་ཆེད་དུ་ཕྱིར་བཏོནཡོད་པ་དང་། ན་ནིང་ནས་བཟུང་ཀྲུང་དབྱང་ཏང་གི་སློབ་གྲྭས་རྫོང་ཨུ་ཧྲུའུ་ཅི་གསོ་སྐྱོང་འཛིན་གྲྭ་རྩ་འཛུགས་བྱས་འདུག་ལ། བྱེད་སྟངས་འདི་དག་ཡོད་ཚད་ནས་་ཀྲུང་དབྱང་གིས་རྫོང་ཨུ་ཧྲུའུ་ཅིའི་དཔུང་སྡེ་ལ་གཙིགས་ཆེན་བྱེད་པ་དང་། རེ་བ་ནན་མོ་བཟུང་ནས་གསོ་སྐྱོང་གང་ལེགས་བྱེད་བཞིན་པ་མཐོང་ཐུབ།

ཉེ་ལམ་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས་《རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་དཔུང་སྡེའི་“ནན་གསུམ་དང་དངོས་གསུམ”ཞེས་པའི་ཆེད་དོན་སློབ་གསོའི་ཇུས་གཞི་འདོནསྤེལ།》ཞེས་པ་དཔར་འགྲེམ་བྱས་འདུག་པའི་ནང་དུ། ནན་མིན་དངོས་མིན་གྱི་གནད་དོན་ཡོད་པའི་འགོ་ཁྲིད་ལས་བྱེད་དག་ལ་ཆེད་དུ་དམིགས་ནས། སློབ་གསོ་ཡར་རྒྱས་དང་བཅོས་བསྒྱུར་ལ་སྐུལ་འདེད་ཐཐད་ལ་རྫོང་ཁྲུའུ་རིམ་པ་ཡན་གྱི་ཏང་ཨུ་ཧྲུའུ་ཅིས་སྣེ་ཁྲིད་ནས། ནན་གསུམ་དངོས་གསུམ་གྱི་ཆེད་དོན་ལ་སློབ་སྦྱོང་བྱེད་དགོས་པ་རེད། རྫོང་རིམ་པའི་འགོ་ཁྲིད་ནི་དབང་ཆའི་མ་ལག་ཁྲོད་ཀྱི་ཆེས་གཞི་རིམ་གྱི་སྲིད་འཛིན་རྩ་འཛུགས་ཡིན་པས། རྫོང་ཨུ་ཧྲུའུ་ཅིའི་དབང་མཐོ་ལ་འགན་ལྕི། ཀྲུའུ་ཀྲུ་རིན་གྱིས་གསུངས་རྒྱུར། མིག་སྔའི་གནས་བབ་ནི་གྲོང་སྡེ་འཛུགས་སྐྲུན་དང་ཞིང་སྡེ་བཅོས་སྒྲིག་གི་གནད་འགག་གི་དུས་ཤིག་ཡིན་པས། རྒྱུ་ནོར་སྲེད་གསུམ་གྱི་བསླུ་བྲིད་འོག་ཏུ། བློ་སེམས་བརྟན་པོ་མ་ཡིན་པའི་དཔོན་རིགས་འགའ་ཤས་ཀྱིས་རང་ཉིད་བོར་ཉེན་ཆེ། དེ་བས་དབང་ཆའི་ལམ་ལུགས་འཛུགས་སྐྲུན་མ་ལག་སྔར་ལས་ཆ་ཚང་དུ་བཟོ་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདུག

ཀྲུང་དབྱང་སྒྲིག་ཨུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་གཉིས་ཀྱིས་མཉམ་སྒྲུབ་སྒོས་སྤེལ་བའི་《རྫོང་ཨུའི་དབང་ཆ་ཡོངས་བསྒྲགས་དང་མངོན་གསལ་དུ་གཏོང་བའི་འཆར་བཀོད་སྒྲིག་གཞི་བྱ་བའི་བསམ་འཆར།》ཞེས་པའི་ཁྲོད། རྒྱལ་ཡོངས་ཀྱི་ཁོངས་ནས་རྫོང་རིམ་པའི་དབང་ཆའི་བཅོས་བསྒྱུར་ཐད་ཀྱི་ཚོད་ལྟའི་གནས་གཞི་བཙུགས་ནས་རྫོང་ཨུ་ཧྲུའུ་ཅིའི་དབང་ཆ་དེ་ཚད་ལྡན་ཅན་དུ་བསྒྱུར་དགོས་པ་འཁོད་འདུག དུས་ཡུན་རིང་བོར་ཀྲུང་གོའི་རྫོང་རིམ་པའི་ལམ་ལུགས་སྒྲིག་གཞིའི་གནད་དོན་བཅོས་བསྒྱུར་ཐད་ལ་ཞིབ་འཇུག་བྱས་མྱོང་བའི་ཧི་ནན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ཁྲང་ཡུས་ཞིན་གྱིས་གསུངས་དོན། ལམ་ལུགས་སྒྲིག་གཞི་ཆ་ཚང་དུ་གཏོང་བ་དང་། རྫོང་རིམ་པའི་དབང་ཆ་ཡོངས་བསྒྲགས་དང་མངོན་གསལ་དུ་གཏོང་བའི་ཐབས་ལམ་གསར་བ་འཚོ་སྙེག་བྱེད་པ་བཅས་ལས། དཔོན་རིགས་ཀྱིས་ཁེ་དབང་གང་བྱུང་དུ་སྤྱོད་པར་བཀག་འགོག་བྱེད་ཐུབ་པ་དང་། རྫོང་ཨུ་ཧྲུའུ་ཅིའི་དཔུང་སྡེ་ལ་ཁོར་ཡུག་ལེགས་པོ་བསྐྲུན་ནས། འཕེལ་རྒྱས་ལ་སྐུལ་འདེད་དང་། ལས་དོན་བསྒྲུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་པ། དྭངས་གཙང་གི་སྒོ་ནས་གཞུང་དོན་སྒྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་ལེགས་པོ་དེ་བསྐྲུན་ཐུབ་བོ་ཞེས་གསུངས་འདུག

འབྲེལ་ཡོད་རྩོམ་ཡིག