ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་ནས་དབྱར་རྩྭ་དགུན་འབུ་རྐོ་འགོ་ཚུགས་པ།

2015-05-11

ཀྲུང་གོའི་གསར་འགྱུར་དྲ་ངོས་སུ་བཀོད་དོན།མཚོ་སྔོན་གྱི་མཚོ་འཕགས་ཅུང་དམའ་བའི་ས་ཁུལ་ནས་དབྱར་རྩྭ་དགུན་འབུ་རྐོ་འགོ་ཚུགས་ཀྱིན་འདུག་ལ།འབབ་ལེགས་པའི་ཁུལ་ནས་འགོ་མཇུག་ཡོད་པར་བརྐོ་བར་ཤུགས་ཀྱིས་འདོམས་པར་མཛད་སྒང་རེད།

མཚོ་སྔོན་གྱི“དབྱར་རྩྭ་ཆེས་བཟང་པོའི”པར།

ཟླ ༥ པའི་ཚེས ༧ ཉིན་ཀྲུང་གསར་དྲ་བར་ཟི་ལིང་ནས་འབྱོར་བའི་གློག་འཕྲིན་དུ།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ(འོག་ཏུ་ཡུལ་ཤུལ་ཁུལ་ཞེས་བསྡུས་ཡོད)གྱི་ཞིང་ལས་ཅུ་གཞུང་སྒྲུབ་ཁང་གི་ལས་མི་ཡེ་ཤེས་རྒྱ་མཚོས་ཁུལ་འདིའི་མཚོ་འཕགས་ཅུང་དམའ་བའི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་དུ་འབུ་རྐོ་བ་ཞུགས་སྒང་རེད་ལ།མཚོ་འཕགས་མཐོ་ཁུལ་དུ་ཟླ ༥ པའི་དཀྱིལ་དུ་ད་གཟོད་རྐོ་བའི་དུས་ཡིན་ཞེས་བརྗོད་འདུག

གསར་ལམ་དུ་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཀྲུང་གོའི་སྤྱིའི་ཐོན་འབབ་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན་ལ།ཡུལ་ཤུལ་ཁུལ་ནས་མཚོ་སྔོན་གྱི་སྤྱིའི་ཐོན་འབབ་ཀྱི་བརྒྱ་ཆའི་བདུན་ཅུ་ཡས་མས་ཟིན་པ་དང་།འབྲོག་པའི་ཡོང་སྒོའི་བརྒྱ་ཆའི་དྲུག་ཅུ་ནས་བརྒྱད་ཅུ་དབྱར་རྩྭ་དགུན་འབུ་ཡི་ཟིན་ཡོད་སྐོར་དང་།

ལོ་རེའི་ཟླ ༥ པ་ནས ༦ པར་དབྱར་རྩྭ་དགུན་འབུ་རྐོ་བའི་ཡུན་ཐུང་ཐུང་ལ་མི་འབོར་ཆེན་རྩྭ་ཐང་དུ་ཞུགས་ཏེ“ལེབ་བརྐོ”དང་།རྩྭ་ཐང་རྡོག་སྣད།འཚོ་བའི་གད་སྙིགས་དོར་བའི་གནད་དོན་ལ་དམིགས་ཏེ།དབྱར་རྩྭ་དགུན་འབུ་ཐོན་ཁུལ་སོ་སོས་ཐབས་འདྲ་མིན་བཀོལ་ནས་རྐོ་བ་ལུགས་མཐུན་དང་འགོ་མཇུག་ལྡན་པར་གཅུན་འདོམས་བྱེད་ཚུལ།དེ་མིན་ཡུལ་ཤུལ་ཁུལ་གྱིས་ཐོལ་བྱུང་མང་ཚོགས་ཟིང་ཆ་ཐག་གཅོད་གྲོས་འཆར་བཞག་ཡོད་པ་དང་ལམ་མདོ་གཙོ་ཤོས་སུ་དབྱར་རྩྭ་དགུན་འབུ་འཚོལ་བསྡུའི་དོ་དམ་ས་ཚིགས་བཙུགས་པ།འབྲི་སྟོད་དང་ཆུ་དམར་ལེབ།ནང་ཆེན་སོགས་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་བཅད་ཀྱི་བརྡ་འཕྲིན་གསར་འགྱུར་དང་ཁ་པར་དུ་བཏང་ནས།ཕྱིའི་མི་ཐོན་ཁུལ་དུ་ཡོང་བའི་ཆུ་འགོ་བཀག་ཚུལ།“ཀྲུང་གོའི་དབྱར་རྩྭའི་རྫོང་དང་པོ”རུ་འབོད་པའི་རྫ་སྟོད་རྫོང་གིས་འབུ་རྐོའི་ཐོབ་ཐང་དང་དུས་ཡུན་བཟུང་བ་མ་ཟད།རྩྭ་ཐང་གསབ་དངུལ་གྱི་ཚད་གཞི་དང་བགོ་བཤའི་ཐབས་ལམ་གཏན་ཕབ་བྱས་ཡོད་པའི་སྐོར་བཀོད་འདུག

མཚོ་སྔོན་ཞིང་ཆེན་རྩྭ་ཐང་ལྟ་སྐུལ་དོ་དམ་ས་ཚིགས་ཀྱི་འགོ་འཛིན་ཚའེ་ཕེ་ཡོན་གྱིས་གསལ་བཤད་དུ།ཉེ་ལམ་འགོ་ལོག་དང་མཚོ་ལྷོ།རྨ་ལྷོ་སོགས་སུ་ས་ཚིགས་འདིའི་མི་སྣ་ཆེད་གཏོང་གིས་ཞིབ་དཔྱད་ལས་ས་ཁུལ་འདི་དག་ཏུ་དོ་དམ་བྱེད་ཐབས་འབྱོར་མོ་ཡོད་ཐོག་སྡེ་གྲོས་དམངས་དམ་དང་འབྲོག་པའི་ཆོས་དད་གཅུན་འདོམས་ཀྱིས་ད་ལོའི་འབུ་རྐོའི་མིག་སྔའི་སྒྲིག་ལམ་ཅུང་ལེགས་པར་གནས་ཡོད་ཚུལ་བརྗོད།

ཚའེ་ཕེ་ཡོན་གྱིས་དཔེ་ཡི་སྒོ་ནས་མཚོ་སྔོན་འགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་ཞིང་གྲོང་གིས་འབབ་ཆེ་ཁུལ་ནས་རྩྭ་ཐང་མུའུ ༢༠༠ ནང་མི་གཅིག་དང་དཀྱུས་མ་རུ་མུའུ ༤༠༠ ནང་མི་གཅིག ཐར་ཐོར་ཁུལ་དུ་མུའུ ༦༠༠ རུ་མི་གཅིག་རེ་བྱས་པ་དང་།ཞིང་གྲོང་ལ་ཤས་ཀྱིས་འབུ་རྐོའི་སྤྱིའི་ཁ་གྲངས་གཏན་ཕབས་ཞུས་རྗེས“ཐོན་གྱིས་རྐོ་ཚད་དང་།དཔང་གིས་མི་ཚོད”བྱེད་ཐབས་བཀོལ་ནས། དབྱར་རྩྭ་དགུན་འབུ་རྐོ་ཆོག་པའི་དཔང་ཡིག་སྤྲད།རྫོང་སྲིད་གཞུང་འགའ་རེ་ཡིས་རི་མྱུལ་ཚོགས་པ་དང་ཁ་ཏ་ཚོགས་པ།དྲིལ་སྒྲོག་ཚོགས་པ་སོགས་ཚོགས་པ་མང་པོ་བཙུགས་ཏེ་དབྱར་རྩྭ་དགུན་འབུ་ལུགས་མཐུན་དང་འགོ་མཇུག་ལྡན་པར་རྐོ་བར་འདོམས་མུས་བྱེད་བཞིན་པའི་ཚུལ་གླེང་འདུག

གོང་གི་འདི་དག་ལས་གཞན་ཐོན་ཁུལ་མང་ཤོས་སུ་རྐོ་ཆས་ཆུང་ཆུང་དང་བརྐོས་རྗེས་ནས་འདེབས།བརྐོས་ཤུལ་འཕྲལ་སུབ།འབུ་རྐོའི གད་སྙིགས་ཚང་མ་དུས་ལྟར་གཙང་བཤེར་བྱ་དགོས་པའི་གྲོས་དན་ཡོད་ཚུལ་དང་།མཚོ་སྔོན་གྱི་ཁུལ་དང་ཁུལ།རྫོང་དང་རྫོང་།ཤང་དང་ཤང་བར་སྔོན་ལ་ཕན་ཚུན་གྲོལ་མོལ་དང“མང་ཚོགས་ཀྱི་ལག་འགུལ་བ་ལས།ལས་བྱེད་པའི་ཁ་འགུལ”བའི་མཉམ་འབྲེལ་འགོག་སྲུང་ལམ་ལུགས་བཙུགས་ཏེ་ཁྱོད་དགའ་ང་དགའི་བྱེད་ཐབས་ཀྱིས།དབྱར་རྩྭ་དགུན་འབུ་བརྐོས་བ་ལས་ས་མཚམས་ཁ་རྩོད་འཆོར་བ་དང་དོན་རྐྱེན་ངན་པ་འབྱུང་བ་བསྡམས་ཡོད་སྐོར་ཚའེ་ཕེ་ཡོན་ནས་དེ་ལྟར་བཤད།

རང་རེའི་དྲ་བས་རྒྱུས་ལོན་བྱུང་བ་ལྟར་ན།ད་ལྟ་མཚོ་སྔོན་ཙམ་མ་ཟད་ཀན་ལྷོའི་ཕྱོགས་སུའང་དབྱར་རྩྭ་དགུན་འབུ་རྐོ་འགོ་ཚུགས་བཞིན་འདུག་ལ།འབབ་ལེགས་པའི་ཁུལ་ནས་རྐོ་བའི་དུས་དང་འབུ་རྐོའི་ཁ་གྲངས་ཚོད་འཛིན་བྱེད་པའི་ལམ་ལུགས་ཚུགས་དང་འཛུགས་བཞིན་པའི་སྒང་རེད་ལགས།

འབྲེལ་ཡོད་རྩོམ་ཡིག